རྒྱབ་ལྗོངས་

༽སྤྱིར་མིའི་རིགས་ཀྱི་འཕེལ་རིམ་ལོ་རྒྱུས་ལ་ཕྱོགས་ཡོངས་ནས་ཕྱི་མིག་ཐེངས་རེ་བལྟས་ན།
མིའི་རིགས་ནི་མ་གཞི་ནས་ཚོགས་པའམ་ཤག་ཁག་མི་འདྲ་བ་མང་པོ་བརྒྱུད་མཐུན་སྒྲིལ་དང་འབད་བརྩོན་རང་བཞིན་གྱི་ལོ་རྒྱུས་ཀྱི་གོ་རིམ་འཕེལ་རྒྱས་བྱུང་བ་ཞིག་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེ་དག་ཁྲོད་མི་རྣམས་ཀྱིས་སྡུག་ཡུས་དང་མིག་ཆུ། སྐྱོ་གར་བཅས་ཀྱིས་བྲིས་པའི་གཏམ་རྒྱུད་མང་པོ་ཡོད་ཅིང་། སྒོས་སུ་ཕྱོགས་ཞེན་དང་འཐེན་ཁྱེར། ནང་འཁྲུག་དང་དབྱེན་སྦྱོར་སོགས་ཀྱིས་མི་རིགས་དང་རྒྱལ་ཁབ་གང་མང་རྩ་མེད་དུ་སོང་བའི་ལོ་རྒྱུས་ཤིན་ཏུ་མང་པ་མ་ཟད། ད་ལྟའང་དེ་བཞིན་མི་རིགས་དང་རྒྱལ་ཁབ་མང་པོ་ཞིག་འཇིག་ཉེན་གྱི་གནས་སུ་བསྐྱེལ་དང་སྐྱེལ་བཞིན་པ་ཡིན།དེ་བཞིན་བོད་ཀྱི་འདས་པའི་ལོ་རྒྱུས་ལ་བསམ་ཞིབ་རགས་ཙམ་བྱས་ཏེ་གླེང་ན། སྤྱིར་བོད་ཀྱི་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བོད་ནི་ས་མཐོའི་དར་ཆེན་དང་མཐོ་སྒང་གི་བདག་པོ། བྱམས་སེམས་ཀྱི་མི་རིགས་དང་མི་ཡུལ་གྱི་དག་ཞིང་སོགས་ཆེ་བསྟོད་སྙན་ངག་གི་བརྗོད་ཚུལ་བགྲང་ལས་འདས་པ་ཡོད་པ་དང་། རིག་གནས་ལོ་རྒྱུས་ཀྱི་ཕྱོགས་ནས་ཀྱང་བཙན་པོའི་སྙིང་སྟོབས་དང་ནང་བསྟན་ཆོས་ལུགས་སོགས་ངོམ་ཆོག་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གང་འཚམས་ཡོད་ནའང་། བོད་ཀྱི་དཔའ་སྤོབས་སྙན་གྲགས་ཀྱི་འབྱུང་ཡུལ་བཙན་པོའི་རྒྱལ་རྒྱུད་འཇུག་རྫོགས་པའི་ཉིན་ཀྱི་དུས་ཡུན་སྐད་ཅིག་མ་དེ་ནས་བཟུང་། བོད་ཀྱི་ཆིག་སྒྲིལ་སྟོབས་ཤུགས་ཀྱི་ངོ་བོའམ་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ཀྱི་སྲོག་རྩ་ཡོངས་སུ་ཆད་པ་ལྟ་བུ་གྱུར་ལ། བོད་པ་རྣམས་རྒུད་པ་ནས་རྒུད་པའི་ལམ་དུ་ཞུགས་ཤིང་། ཉམས་པ་ནས་ཆེས་ཉམས་པའི་གནས་སུ་གྱུར་པའི་མགོ་བཙུགས་པ་ཡིན། དེ་ཡང་གཙོ་བོ་ལོ་རྒྱུས་ཆག་འཇིག་གི་རྗེས་དེ་མ་ཐག་ནས་བོད་ཀྱི་ས་ཁུལ་མི་མང་རྣམས་གཅིག་གྲོགས་གཅིག་ཏུ་མ་ལངས་པ་དང་། མངའ་དབང་གཅིག་འོག་གཅིག་ཏུ་མ་འདུས་པ་སོགས་སྟོབས་ཤུགས་ཀྱི་གོང་བུ་བསྐྱར་སྒྲིལ་བྱེད་མ་ཐུབ་པ་བཅས་ལ་བརྟེན། བོད་ཀྱི་ཡུལ་ཁམས་ཡོངས་རྫོགས་སིལ་བུར་འཐོར་ཞིང་ཡ་བྲལ་དུ་སོང་བ་ཞིག་ཡིན་པ་དང་། དེ་བཞིན་ལུང་ཚན་དང་ཤོག་ཁག་གི་རྣམ་གྲངས་མགོ་མི་མཚུངས་པ་མང་པོ་སོ་སོར་གྱེས་ཏེ་མི་ལོ་སུམ་བརྒྱ་ལྷག་སོང་བའི་ནང་། བོད་བཙན་པོའི་སྐབས་ཀྱི་ཆིག་སྒྲིལ་སྙིང་སྟོབས་དང་། མངའ་ཁོངས་ཀྱི་འདུ་ཤེས། རྒྱལ་ཁབ་ཀྱི་ལར་ཞེན་ནམ་རྒྱལ་གཅེས་ཀྱི་འདུ་ཤེས། དེ་བཞིན་གཞུང་ཤག་གི་དབྱེ་འབྱེད་བསམ་བློ་སོགས་རྒྱལ་ཁབ་ཅིག་གམ་མི་རིགས་ཤིག་གི་གོང་བུ་གཅིག་ཏུ་སྒྲིལ་ཐབས་ཀྱི་རྨང་གཞི་གལ་བོ་ཆེ་དག་རྩ་འཐོར་དུ་སོང་བ་བཅས་ལ་བརྟེན། བོད་གཅིག་སྒྲིལ་གྱི་ལོ་རྒྱུས་མི་ལོ་བརྒྱ་ཕྲག་མང་པོའི་རིང་བསྐྱར་གསོ་གཙང་མ་བྱེད་ཐུབ་ཀྱིན་མེད་པའི་ལོ་རྒྱུས་ཀྱི་ནག་ཉེས་རིམ་བཞིན་བྱུང་བ་རེད། ནང་སྒོས་སུ་༧རྒྱལ་དབང་བཅུ་གསུམ་པའི་རིང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་གི་འགོ་བཙུགས་ཡོད་པ་དང་། ཆབ་སྲིད་སྟོབས་ཤུགས་བསྐྱར་གསོ་ལྟ་བུའི་ལས་གཞི་རླབས་པོ་ཆེ་གང་མང་ཞིག་གི་དབུ་འཁྱུད་གཙང་མ་བྲིས་ཏེ། དུས་རབས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་དགོས་མཁོར་བསྟུན་པའི་ཆབ་སྲིད་ལམ་ལུགས་དང་ཁྲིམས་སྲོལ་བསྒྱུར་བཅོས་སོགས་ལ་བཏོན་པའི་བཀའ་སློབ་རིན་ཐང་བྲལ་བ་ཞལ་སྤྲེལ་བཅུ་གསུམ་གྱིས་མཚོན་པའི་བཀའ་སློབ་བོད་ས་ཡོངས་ཀྱི་གཞུང་མང་གཉིས་དང་སྐྱ་སེར་དབྱེར་མེད་ལ་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་གཉན་འཕྲེང་ཅན་དུ་གྱུར་བའི་གནས་བབ་ངོ་སྤྲོད་དང་། ཆབ་སྲིད་གོང་བུ་གཅིག་གྱུར་གྱི་རྩ་དོན་ལ་གལ་འགངས་ཤིན་ཏུ་ཆེ་བའི་ཁྲིམས་སྲིད་གནས་སྟངས་ངོ་སྤྲོད་གནང་བ་སོགས་མ་འོངས་སྔོན་གཟིགས་ཀྱི་བཀའ་སློབ་ལུང་བསྟན་ཅི་མང་བསྩལ་གནང་ཡོད་པ་དང་། དུས་སྐབས་དེའི་རྒྱལ་སྤྱིའི་གནས་བབ་ལ་དཔག་པའི་ཤེས་ཡོན་སློབ་གསོ་དང་ཆབ་སྲིད་དམག་དོན་སོགས་རྒྱལ་ཁབ་ཅིག་ལ་མེད་ཐབས་མེད་པའི་ཕྱག་ལས་རླབས་པོ་ཆེ་མང་པོར་སྣེ་ཁྲིད་ཤུགས་ཆེ་མཛད་མྱོང་ཡོད་པ་ཡིན་ནའང་། སྐབས་དེའི་གཞུང་མང་གཉིས་དང་སྐྱ་སེར་ཡོངས་ལ་དེ་ལྟའི་ཆབ་སྲིད་ཀྱི་གོ་རྟོགས་དང་བསམ་བློའི་ཤོང་ཚད་ཀྱི་རྨང་གཞི་འདང་ངེས་མེད་པ་དང་། ཁྱད་པར་དུ་སྐབས་དེའི་སྤྱི་ཚོགས་སྤྱི་ལ་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་འདུ་མ་ཐུབ་པར་ཡུན་རིང་ལུས་པའི་ལོ་རྒྱུས་ཀྱི་བག་ཆགས་མཐུག་ཙམ་ཡོད་པ་མ་ཟད། དེ་བཞིན་གཞུང་མང་སྐྱ་སེར་ཚང་མར་ཆོལ་ཁ་དང་ལུང་ཚན། ཤག་པ་དང་ཚོ་བ་སོགས་ཀྱི་འདུ་ཤེས་ཤུགས་ཆེན་པོ་ཡོད་པ་ལས། གཞུང་དང་རྒྱལ་ཁབ་ཀྱི་འདུ་ཤེས་སམ་མངའ་ཁོངས་གཅིག་གི་འདུ་ཤེས་དེ་ཙམ་མེད་པ་སོགས་ཀྱི་དབང་གིས། བོད་དབུས་ཀྱི་ས་ཁུལ་ཙམ་ལས་བོད་ཁམས་ཡོངས་ཆབ་སྲིད་འཛིན་སྐྱོང་གཅིག་སྒྲིལ་ཡོང་ཐབས་ཐད་གཞུང་མང་གཉིས་བར་འབྲེལ་བ་མེད་པ་ལྟ་བུ་དང་ཚོར་བ་མེད་པ་ལྟ་བུའི་ངང་ལྷག་སོང་བའི་གནས་སྟངས་སྐྱོ་བོ་གང་མང་བྱུང་བ་དང་། སེར་སྐྱ་མི་མང་རྣམས་དང་འབྲེལ་ཡོད་སྐུ་དྲག་ཁ་ཤས་ཀྱིས་༧གོང་ས་བཅུ་གསུམ་པ་མཆོག་གི་དགོངས་པ་དང་གཞུང་གི་བཀའ་རྒྱར་ཡིད་ཆེས་བློ་གཏད་ཀྱི་རྒྱབ་སྐྱོར་མ་ཐུབ་པའི་ཤུགས་རྐྱེན་གང་མང་ཞིག་ལ་བརྟེན་ནས། ད་ལྟ་ང་ཚོ་བོད་གངས་ཅན་པའི་ཆབ་སྲིད་ཀྱི་བདག་དབང་རྩད་ནས་ཤོར་པའི་གནས་སྟངས་འདི་ཉིད་བྱུང་བ་རེད་ལ། རྒྱལ་རབས་ལོ་རྒྱུས་ཀྱི་ཤོག་ངོས་སུ་སུས་ཀྱང་བསུབ་ཐབས་མེད་ཅིང་དག་ཐབས་ཡེ་ནས་མེད་པའི་ལོ་རྒྱུས་ཀྱི་མཐུན་རྐྱེན་ཡོངས་སུ་ཚང་བར་བྱས་པ་རེད།

༽དེ་བཞིན་༧གོང་ས་བཅུ་བཞི་བ་མཆོག་གིས་དབུས་པའི་བོད་གཞུང་བཀའ་ཤག་ལྷན་རྒྱས་ཀྱིས་སྣེ་ཁྲིད་པའི་བོད་མི་སྟོང་ཁྲག་མང་པོ་བཙན་བྱོལ་དུ་མི་འགྲོ་ཐབས་མེད་གྱུར་བ་ནས། བོད་ཀྱི་ཆབ་སྲིད་འཁོར་ཡུག་སྔར་ལས་ཁ་འཐོར་དུ་འགྲོ་བའི་ཉེན་ཚབ་ཤིན་ཏུ་ཆེ་བར་ཕྲད་ཀྱང་། ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་རླབས་ཆེ་བའི་ཐུགས་བསྐྱེད་དང་མཛད་འཕྲིན་བླ་ན་མེད་པའི་འོག་བཙན་བྱོལ་བཀའ་ཤག་གི་འབྲེལ་ཡོད་མི་སྣ་རྣམས་དང་ལྷན། དུས་ཀྱི་འགྱུར་འགྲོས་དང་དགོས་དབང་ལ་དམིགས་ཏེ་མང་གཙོའི་ཀ་བ་གསུམ་ལྡན་གྱི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གསར་འཛུགས་དང་རྒྱ་བསྐྱེད་གནང་ཞིང་། བོད་དོན་རྒྱལ་སྤྱིའི་སྡིང་ཆའི་སྒང་བསྐྱེལ་ཏེ་ཉམས་ཆུང་བའི་མི་རིགས་ཤིག་གི་དཀའ་སྡུག་གི་ལོ་རྒྱུས་འཛམ་གླིང་མི་མང་སྤྱི་དང་རྒྱལ་ཁབ་ཡོངས་ལ་གསལ་གསལ་ཐིང་ཐིང་གནང་བ་མ་ཟད། མི་ལོ་ལྔ་བཅུ་ལྷག་གི་རིང་མཛད་དཀའ་ཚད་མེད་དང་སྡུག་ཡུས་དཔག་མེད་བརྒྱུད་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་ཆབ་སྲིད་སྟོབས་ཤུགས་གཅིག་སྒྲིལ་གྱི་དུས་བཟང་གསར་བ་ཞིག་གི་ཉི་འོད་ཡོངས་སུ་འཆར་བར་མཛད་པ་དང་། འཇིག་རྟེན་ཀུན་ཁྱབ་སེམས་ཁུར་ཀྱི་ཐུགས་དགོངས་བླ་ན་མེད་པའི་འོག། བོད་དོན་བདེན་མཐའ་སེལ་ཐབས་ཀྱི་སྲིད་བྱུས་གཏིང་ཚུགས་པ་དང་མཐིལ་ཕྱིན་པའི་མཛད་རིམ་ཅི་མང་བསྩལ་ཏེ་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་མ་ནོར་མ་འཁྲུལ་བའི་ལམ་དུ་ཕྱོགས་པར་མཛད་ཡོད། འདི་ནི་ལོ་རྒྱུས་དང་ཆབ་སྲིད། དེ་བཞིན་དོན་དངོས་སྤྱི་ཚོགས་ཀྱི་གནས་བབ་གང་ནས་བལྟས་ཀྱང་བོད་དོན་ལ་ཤ་ཚ་སེམས་ཁུར་ཡོད་པའི་མི་མང་ཡོངས་དང་། སྒོས་སུ་ད་ལྟ་འཚར་ལོང་འབྱུང་དང་འབྱུང་བཞིན་པའི་བོད་ཀྱི་མི་རབས་རྗེས་མ་རྣམས་དང་མ་འོངས་འབྱུང་འགྱུར་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱིས་རྗེས་དྲན་དང་གུས་བརྩི་བྱེད་དགོས་པར་ངེས་པ་ཡང་དག་རྙེད་དགོས་པའི་གནད་དམ་པ་དེ་ཡིན།

ཡིན་ནའང་བོད་པ་རྣམས་ནི་གོང་བརྗོད་ལོ་རྒྱུས་དག་ལས་མཐོང་བ་བཞིན་ལུང་ཚན་བྱེ་བྲག་པ་དང་། ཚོ་བ་བྱེ་བྲག་པ། གྲུབ་མཐའ་བྱེ་བྲག་པ། ཆོལ་ཁ་བྱེ་བྲག་པའི་འདུ་ཤེས་ཤུགས་ཆེ་བ་ལས་མི་རིགས་སྤྱི་དང་མངའ་ཁོངས་གཅིག་གི་འདུ་ཤེས་དང་ཚོར་བ་དེ་ཙམ་མེད་པའི་བག་ཆགས་གཏིང་མཐུག་པའི་ཤུགས་རྐྱེན་སྐྱུག་བྲོ་བ་དག་ནི་ནམ་ཡང་འབྱུང་མུས་བཞིན། ཐུང་ལ་རིང་བའི་བཙན་བྱོལ་འཚོ་བའི་མི་ལོ་ལྔ་བཅུའི་ལོ་རྒྱུས་ཁྲོད་མི་མང་གི་བསམ་བློ་ཆིག་སྒྲིལ་དང་། ཆབ་སྲིད་སྟོབས་ཤུགས་སྲ་བརྟན་ཡོང་བར་གཏོར་བཤིག་གཏོང་པའི་ཀླད་རྙིང་ལྟ་བ་ངན་པ་དག་གི་སྦྱོར་བ་འདྲ་མིན་སླེབས་མྱོང་ཡོད་ལ། ད་ལྟའང་དེ་བཞིན་བྱེད་ཐབས་འདྲ་མིན་བེད་སྤྱད་དེ་བཙན་བྱོལ་སྤྱི་ཚོགས་ཁ་འཐོར་དང་། གཞུང་མང་གཉིས་ཡ་བྲལ་དུ་གཏོང་བའི་ལས་གཞི་འདྲ་མིན་མངོན་འདོད་དང་མངོན་འདོད་མ་ཡིན་པའི་བསམ་བློའི་འོག་སྤེལ་བཞིན་པ་དང་། མ་འོངས་པར་ཡང་དེ་བཞིན་སྤེལ་འགྱུར་གྱི་ཉེན་ཚབ་ཧ་ཅང་ཆེ་བ་སོགས་ནི་ང་ཚོས་དངོས་ཡོད་སྤྱི་ཚོགས་ལ་ཟབ་ཞུགས་བྱས་པས་ཅིས་ཀྱང་ངོས་ཟིན་དགོས་པ་མ་ཟད། ད་ལྟ་བོད་མི་རིགས་སྤྱིའི་གནས་བབ་གཉན་ཕྲེང་ཅན་དུ་གྱུར་བའི་གནས་བབ་ངོས་ཟིན་པ་བྱས་ནས། ད་ལྟའི་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ནང་ཆབ་སྲིད་གོང་བུ་གཅིག་གྱུར་བྱེད་པ་ནི། གནད་དོན་གཞན་གང་ལས་གལ་ཆེན་དུ་འཛིན་དགོས་པའི་ལངས་ཕྱོགས་གཙིགས་འཛིན་བྱ་དགོས་པའི་སྐོར་བོད་པ་མི་རེ་ངོ་རེ་ནས་ངེས་པར་ཧ་གོ་དགོས་པ་གལ་འགངས་ཤིན་ཏུ་ཆེ།

༽སྤྱིར་ན་སྤྱི་ཚོགས་ཤིག་དང་། མི་རིགས་ཤིག་ཡང་ན་རྒྱལ་ཁབ་སོགས་གང་ཡིན་ཡང་ཚད་ལྡན་གྱི་ཆབ་སྲིད་གོ་རིམ་ཡོངས་སུ་ཚང་བ་ན། ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་མང་པོ་ཡོད་དགོས་པ་དང་། ལྟ་བ་མི་འདྲ་བ་དང་ལངས་ཕྱོགས་མི་འདྲ་བའི་འཐབ་རྩོད་འོག་རྒྱལ་ཁབ་གྱི་འཕེལ་རྒྱས་འཐུས་སྒོ་ཚང་བར་འགྱུར་བ་ནི་དངོས་ཡོད་ཡིན་ཀྱང་། སྤྱི་ཚོགས་ཀྱི་རྨང་གཞི་མི་བརྟན་པ་དང་ཆབ་སྲིད་ཀྱི་སྟོབས་ཤུགས་མི་འདང་བ། སྤྱི་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཀྱིས་མི་ཤོང་བའི་སྤྱི་ཚོགས་ཤིག་ཏུ་ལྟ་བ་འདྲ་མིན་དང་ལངས་ཕྱོགས་སྣ་མང་ཡོང་བ་ནི་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁ་འཐོར་དུ་འགྲོ་བའི་རྒྱུ་ཁོ་ན་ཡིན། མིའི་རིགས་ཀྱི་ལོ་རྒྱུས་གང་ཞིག་ཡིན་ཀྱང་ལོ་རྒྱུས་ཀྱི་འགྱུར་ལྡོག་རེ་རེའི་རྒྱབ་ཏུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་བསམ་བློའི་རྨང་གཞི་ཡོད་དགོས་པ་ནི་ལོ་རྒྱུས་ཉམས་ཞིབ་པ་དང་། དངོས་ཡོད་སྤྱི་ཚོགས་ལ་དཔྱོད་པའི་མཁས་པ་སུས་ཀྱང་ཁས་ལེན་ལ། སྤྱི་ཚོགས་ཀྱི་བསམ་བློའི་གནས་བབ་དང་། གོ་རྟོགས། དེ་བཞིན་སྤྱི་ཚོགས་ཀྱི་དགོས་མཁོའི་ཁ་ཕྱོགས་དང་མ་བསྟུན་པའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ནི་ནམ་ཡང་འབྱུང་ཐབས་མེད་ཅིང་། དེ་ལྟར་འབྱུང་བར་འདོད་པ་དག་ནི་སྟོང་བསམ་རིང་ལུགས་པ་དང་། འུད་སྒྲོག་རིང་ལུགས་པ། ཁ་སྟོང་ནང་གི་ཚིག་སྟོང་བཤད་མཁན་གྱི་སྒྱིད་ལུག་རིང་ལུགས་པ་ཡིན་པའང་ཁོང་ཚོས་ཁས་ལེན་ངེས། དེ་བས་བོད་པ་སུས་ཀྱང་བོད་རང་གི་སྤྱི་ཚོགས་གནས་བབ་ངོ་མ་ངོས་ཟིན་བྱ་དགོས་རྒྱུ་གལ་ཆེན་དང་། བོད་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ལ་ཉམས་ཞིབ་འཐིལ་ཕྱིན་བྱ་རྒྱུའང་དུས་ལ་བབ་པའི་ལས་འགན་རེད། འོན་ཀྱང་ད་ལྟ་བོད་ཀྱི་སྤྱི་ཚོགས་ནང་དང་སྒོས་སུ་བཙན་བྱོལ་སྤྱི་ཚོགས་ཁྲོད། མཁས་པ་ཡིན་མདོག་སྟོན་མཁན་ཁ་ཤས་ཤིག་དང་། བསམ་བློ་བ་ཡིན་ཚུལ་སྟོན་མཁན། ཆབ་སྲིད་པར་ཁས་འཆའ་བ་ཁག་ཅག་གིས་བོད་ཀྱི་སྤྱི་ཚོགས་གནས་བབ་དང་། ཆ་རྐྱེན། བསམ་བློའི་ཤོང་ཚད་། གོ་རྟོགས་ཀྱི་ཆུ་ཚད་སོགས་ལ་ཉམས་ཞིབ་གང་ཡང་མེད་པར། ཆབ་སྲིད་ཀྱི་གོ་བབ་ནམ་མཁའ་ནས་གླེང་ཞིང་། ཤེས་རྟོགས་ཀྱི་འུར་གཏམ་བར་སྣང་ནས་བསྒྲགས་ཏེ། རང་ཉིད་ཆེ་མདོག་དང་རྫིག་མདོག་སྟོན་གྱིན་པའི་གནས་བབ་དང་། སྒོས་སུ་བཙན་བྱོལ་གྱི་གནས་བབ་དང་དགོས་མཁོ་ལ་མི་འཚམས་པའི་ཆབ་སྲིད་བཅོས་བསྒྱུར་དང་ལྟ་བ་ལངས་ཕྱོགས་སོགས་ཤུགས་ཆེར་སྒྲོག་བཞིན་པ་འདིས། ཕོག་ས་དགྲ་ལ་མི་ཕོག་པར་གནོད་ས་རང་ལ་གནོད་པའི་བྱེད་ངན་གྱི་འབྲས་བུ་ལྡོག་ཕྱོགས་ནས་འབྱུང་ངེས་པའི་ཉེན་ཚབ་ཤིན་ཏུ་ཆེ། སྤྱིར་བྱ་སྤྱོད་འདི་རིགས་ནི་གང་ཟག་རང་ཉིད་ཀྱི་ཀུན་སློང་གཙང་མིན་ཅི་རིགས་ཡོད་ངེས་ལ། མངོན་འདོད་དང་མངོན་འདོད་མ་ཡིན་པ། ཤེས་བཞིན་དང་ཤེས་བཞིན་མ་ཡིན་པ། རང་དབང་རང་དབང་མ་ཡིན་པ་སོགས་ཀྱི་གནས་སྟངས་འདྲ་མིན་འོག་འབྱུང་བཞིན་པའང་བསམ་ཤེས་ཐུབ་ཀྱང་། བྱ་སྤྱོད་འདི་རིགས་ཀྱིས་བོད་ཀྱི་ད་ལྟའི་དངོས་ཡོད་སྤྱི་ཚོགས་དང་། ད་ལྟའི་བོད་ཀྱི་དཀའ་ངལ་རིམ་བརྩེགས་ཀྱི་གནས་བབ་དངོས་ལ་ཕན་པ་ཅི་ཡང་མེད་པར། ལྡོག་སྟེ་ཆབ་སྲིད་འཐབ་རྩོད་ཀྱི་སྟོབས་ཤུགས་ཁ་འཐོར་དུ་འགྲོ་བྱེད་ཀྱི་རྒྱུ་རུ་འགྲོ་སྲིད་པས། སྤྱི་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་ཤིན་ཏུ་སྐྱོ་བའི་གནས་བབ་བེད་སྤྱད་དེ་སྤྱི་ཚོགས་གཏོར་བཤིག་དང་གཞུང་མང་ཁ་བྲལ་དུ་གཏོང་བའི་བྱེད་ངན་རང་ལ་མ་འཁོར་བ་ཞིག་གནང་རྒྱུ་ནི་ད་ལྟའི་བོད་ཀྱི་སྤྱི་ཚོགས་དགོས་མཁོ་དངོས་རེད་ལ། དེ་བཞིན་བོད་ཀྱི་རྩ་དོན་ལ་སེམས་ཁུར་ཤ་ཚ་བྱེད་སྟངས་ངོ་མ་ཞིག་ཀྱང་ཡིན། ཕྱི་རྒྱལ་བོད་དོན་ཉམས་ཞིབ་པ་ཁ་ཤས་ཤིག་དང་། རྒྱ་རིགས་བོད་གནས་ཉམས་ཞིབ་པ་མང་པོ་ཞིག་གིས། བོད་ཀྱི་སྤྱི་ཚོགས་གནས་བབ་དང་དམངས་གཙོའི་འཕེལ་རིམ་བར་སྟོང་ཆ་ཤིན་ཏུ་ཟབ་པ་དང་། སྟོང་ཆ་འདིས་བོད་ཀྱི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་སྟོབས་ཤུགས་ཁ་འཐོར་དུ་འགྲོ་སྲིད་པའི་ཉེན་བརྡ་ཐེངས་མང་བཏང་ཡོད། དེ་ཡང་ཉེན་བརྡ་དེ་རིགས་ཕྱོགས་གང་ཞིག་དང་གནས་གང་ཞིག་གཙོར་བཟུང་གིས་གཏོང་བའི་སྐོར་ལ་བསམ་ཞིབ་རག་ཙམ་བྱས་ན། བོད་པ་རྣམས་ནི་མ་གཞི་ནས་ཆབ་སྲིད་གོ་རྟོགས་དང་ཆབ་སྲིད་བསམ་བློར་བྱང་ཆ་མེད་པ་དང་། ཆབ་སྲིད་ལ་ཚོར་བ་རྐྱེན་པ་ལས་ཆབ་སྲིད་ཀྱི་ཉིན་སྲུབ་མི་མཐོང་བ། སྤྱི་བའི་སྒྲིག་འཛུགས་ལས་ཚོགས་པ་དང་ལུང་ཚན་གྱི་ཞེན་ཁོག་གཙོ་བོ་འཛིན་པའི་བསམ་བློའི་བག་ཆག་མཐུག་པ། ཆོས་ལ་དད་ཞེན་བྱེད་པ་པ་ལས་ཆབ་སྲིད་འཛིན་སྐྱོང་གི་མིག་རྒྱང་མི་སྲིང་བ། བླ་མ་དང་ཆོས་དཔོན་གྱི་རྗེས་སུ་འབྲེང་བ་ལས་ཆབ་སྲིད་སྣེ་ཁྲིད་པ་དང་ཆབ་སྲིད་འཐབ་རྩོད་པའི་རྗེས་སུ་འབྲེང་བའི་ལོ་རྒྱུས་དང་བག་ཆག་ཉུང་བ། ནང་སྒོས་ད་སྔའི་བར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆོས་ཕྱོགས་ཀྱི་མཛད་རྗེས་དང་ཐུགས་བསྐྱེད་ཀྱི་བྱིན་རླབས། བླ་མེད་ཀྱི་མཁྱེན་རླབས་སོགས་ཀྱི་འོག་སྤྱི་ཚོགས་སྣེ་ཁྲིད་བྱས་པ་ཞིག་ཡིན་པ་ལས་ད་དུང་བོད་ཀྱི་སྤྱི་ཚོགས་ཀྱི་བསམ་བློའི་རྨང་གཞིའི་ངོས་ནས་དམངས་གཙོའི་ལམ་དུ་ཕྱོགས་པའི་ཆ་རྐྱེན་ཡོངས་སུ་ཚང་མེད་པ་ ༧གོང་ས་མཆོག་གི་ཆབ་སྲིད་སྐུ་དབང་རྩིས་སྤྲོད་གནང་རྗེས་སྤྱི་ཚོགས་ནང་ཆབ་སྲིད་འཐབ་རྩོད་ཀྱི་ལྟ་བ་འདྲ་མིན་འབྱུང་ཉེན་ཡོད་པ། ༧གོང་ས་མཆོག་གི་རྗེས་ཀྱི་ཆབ་སྲིད་སྣེ་ཁྲིད་པར་མི་མང་གིས་ཡིད་ཆེས་བློས་འགེལ་བྱེད་མི་ཐུབ་པའི་ཉེན་ཁ་དང་། ཤེས་ཡོན་པའི་སྡེ་དང་སྤྱི་ཚོགས་ཀྱི་བར་ཁྱད་ཧ་ཅང་ཆེ་བ་སོགས་ཕྱོགས་མང་པོའི་ངོས་ནས་བལྟས་ཏེ་ཉེན་བརྡ་བཏང་བ་ཞིག་ཡིན། སྤྱིར་ཉེན་བརྡ་དེ་རིགས་ནི་སྤྱི་ཚོགས་ཀྱིས་དོ་སྣང་དང་ཉམས་འཇོག་བྱས་པ་བརྒྱུད།

མ་འོངས་པར་སྤྱི་ཚོགས་ནང་ཉེན་ཁ་དེ་རིགས་མངོན་སུམ་དུ་མི་འབྱུང་བའི་ཆེད་སྔོན་བརྡ་བཏང་བ་ཙམ་ཡིན་སྲིད་ཀྱང་། ང་ཚོས་ཉེན་བརྡ་དེའི་ཉེན་ཁའི་འབྱུང་ཡུལ་དང་། ཉེན་ཁའི་ཉེན་ཚབ་རང་བཞིན་སོགས་ལ་བསམ་བློ་ཞིབ་ཙམ་བཏང་སྟེ་གླེང་ནདོན་དངོས་ཐོག་ཉེན་ཁ་དེ་རིགས་ང་ཚོའི་སྤྱི་ཚོགས་ནང་འབྱུང་སྲིད་དམ་མི་སྲིད་ཅེས་དྲི་བ་རེ་རེ་གཏོང་དགོས་ཐུག་ཡོང་བོད་ཀྱི་ད་ལྟའི་གནས་བབ་དངོས་ལ་དཔང་བཙུགས་ཏེ་བལྟས་དུས་ཉེན་ཁ་དེ་རིགས་འབྱུང་བྱེད་ཀྱི་རྒྱུ་རྐྱེན་ཁག་ནི་ང་ཚོའི་སྤྱི་ཚོགས་ཀྱི་ཕྱི་ནང་ཀུན་ཏུ་བཀྲམས་ཡོད་ལ། བཀྲམས་པ་ཙམ་མ་ཟད་སྤྱི་ཚོགས་ཀྱི་སྒོ་ཕུག་བར་གསུམ་ཀུན་ཏུ་ཁེངས་ནས་ཡོད་པ་སུས་ཀྱང་ཧ་གོ་དགོས་པ་དེ་ཡིན།

༽དེ་བཞིན་མི་རིགས་ཤིག་གི་འཐབ་རྩོད་དང་རྒྱལ་ཕམ་ངོས་ནས་བལྟས་ན། མི་རིགས་དེའི་གཞུང་དང་སྤྱི་བའི་སྒྲིག་འཛུགས་ནི་མི་རིགས་དེའི་འཐབ་རྩོད་སྟོབས་ཤུགས་ཀྱི་སྲོག་རྩ་ལྟ་བུ་ཡིན། ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་མི་འདྲ་བ་ཅི་ཙམ་ཡོད་ཀྱང་མཐའ་དོན་སྤྱི་བའི་སྒྲིག་འཛུགས་སམ་སྤྱི་དོན་ཚོགས་པ་དེའི་ཁོངས་སུ་ངོ་བོ་གཅིག་ཏུ་འདྲེས་ཐུབ་དགོས་པ་ནི་སྤྱི་སྒེར་གྱི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་པའི་གནད་འགག་གལ་ཆེན་ཞིག་ཡིན། གལ་སྲིད་རང་དབང་རང་བཙན་གྱི་ཐོབ་དབང་ཡོངས་སུ་ཚང་ཞིང་ཆབ་སྲིད་བརྟན་སློང་གི་མཐུན་རྐྱེན་ཀུན་ནས་ཚང་མཁན་གྱི་སྟོབས་ལྡན་རྒྱལ་ཁབ་ཅིག་ཡིན་ནའང་། ཚོགས་པ་དང་ཏང་ཁག་མི་འདྲ་བ་ཅི་ཙམ་ཡོད་ཀྱང་ཚོགས་པའི་དམིགས་ཡུལ་དང་སྟོབས་ཤུགས་འདོན་ས་ནི་གཅིག་ཏུ་འབབ་དགོས་ལ། ལྷག་དོན་མི་སྒེར་གྱི་ལས་དོན་གང་ཞིག་སྤེལ་དགོས་ཐུག་ཀྱང་གཞུང་གི་སྲིད་བྱུས་ཀྱི་བཀའ་རྒྱའི་རྔམ་བརྗིད་ལས་འདའ་ཐབས་ཡེ་ནས་མེད། འདི་ནི་དམངས་གཙོ་དང་དམངས་གཙོ་མ་ཡིན་པའི་གཞུང་དང་སྒྲིག་འཛུགས་གང་ཡིན་ཀྱང་ཆབ་སྲིད་ཀྱི་གོང་བུ་གཅིག་ཏུ་འབབ་དགོས་པའི་གནད་འགག་དེར་ཐུག་ཡོད་པས་རེད་ལ། གཅིག་གྱུར་གྱི་ལངས་ཕྱོགས་དང་གཅིག་གྱུར་སྟོབས་ཤུགས་མེད་པར་གཞུང་མང་གི་ལས་དོན་ཆུང་ཚག་རིགས་ཀྱང་འགྲུབ་དཀའ་བའི་གནད་འགག་གལ་ཆེན་ཞིག་ཡིན་པས་རེད། དེ་བས་ད་ལྟའི་བོད་ཀྱི་བཙན་བྱོལ་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་འདི་ནི་མིང་གནས་བརྗེ་བསྒྱུར་བྱེད་ཚུལ་ལ་མ་ལྟོས་པར་བོད་ཀྱི་སྤྱི་བའི་སྒྲིག་འཛུགས་ཁོ་ན་དེ་ཡིན། ད་སྔ་སྒྲིག་འཛུགས་འདི་ལས་གཞིས་བྱིས་བོད་མི་ཡོངས་ཀྱི་ཚབ་མཚོན་ཐུབ་མཁན་གྱི་སྤྱི་བའི་སྒྲིག་འཛུགས་གཞན་ཞིག་བྱུང་མྱོང་མེད་ཅིང་། མ་འོངས་པར་ཡང་སྤྱི་ཚོགས་ཀྱི་གནས་བབ་དང་ལོ་རྒྱུས་ཀྱི་འགྱུར་ལྡོག་གི་ངོས་གང་ནས་བལྟས་ཀྱང་འབྱུང་ཐབས་ཡེ་ནས་མེད། ཁྱད་པར་དུ་རྒྱལ་སྤྱིའི་ཁྲིམས་དང་། བོད་ཀྱི་དངོས་ཡོད་ཆབ་སྲིད་ཀྱི་གནད་འགག མ་འོངས་འབྱུང་འགྱུར་གྱི་སྤྱི་ཚོགས་གནས་བབ་སོགས་ཕྱོགས་གང་ནས་བསམ་ཀྱང་སྒྲིག་འཛུགས་འདི་ནི་བོད་ཀྱི་ཆབ་སྲིད་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་གྱུར་ཡོང་བྱེད་ཀྱིོ་སྲོག་དབང་ཁོ་ན་ཡིན་ཞིང་། འདི་ལ་བརྟེན་ནས་བོད་དོན་འཐབ་རྩོད་ཀྱི་རྒྱུན་བསྲིང་ཞིང་རྒྱ་བསྐྱེད་དགོས་པ་དེ་ཡིན། རྒྱུ་མཚན་དེ་དག་ལ་བརྟེན་ནས་རྒྱ་ནག་དམར་པོའི་གཞུང་གཙོ་བོར་གྱུར་བའི་བོད་ཀྱི་ཆབ་སྲིད་སྟོབས་ཤུགས་རྩ་གཏོར་དུ་གཏོང་འདོད་ཀྱི་ཧམ་སེམས་ཤིན་ཏུ་ཆེ་བ་དག་གིས། སྔ་གཞུག་བར་གསུམ་དུ་སྒྲིག་འཛུགས་འདི་ལ་ཁ་གཏད་དང་གཏོར་བཤིག་དབྱེན་སྦྱོར་སོགས་ཐེངས་མང་བྱས་མྱོང་ལ། ད་ལྟའང་བྱེད་བཞིན་པ་མ་ཟད་མ་འོངས་པར་ཡང་བྱ་འགྱུར་གྱི་སྔོན་རྩིས་རི་ལྟར་སྒྲིག་ཡོད། འོན་ཀྱང་མིག་སྔའི་བཙན་བྱོལ་སྤྱི་ཚོགས་སུ་འདི་ལ་ངེས་ཤེས་འདྲོངས་མཁན་དང་གོ་རྟོགས་ཡོད་མཁན་ཧ་ཅང་ཉུང་ལ། དེ་བཞིན་གནད་འགག་འདི་ལ་འགྲེལ་བརྗོད་དང་གོ་བརྡ་སྤྲོད་ཀྱིན་པ་རྣམས་ལ་དོ་སྣང་བྱེད་མཁན་ཤིན་ཏུ་དཀོན། འདི་ནི་གཅིག་ནས་གོང་དུ་བརྗོད་པ་ལྟར་ཆབ་སྲིད་ཀྱི་གོ་བ་ལ་བྱང་ཆ་མེད་པས་དང་། ཆབ་སྲིད་ཀྱི་གནད་འགག་ལ་དོ་སྣང་མ་བྱས་པ། སྒོས་སུ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ལ་ཡིད་ཕྱོགས་པ་ལས་ཆབ་སྲིད་གཅིག་གྱུར་དང་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པའི་འདུ་ཤེས་དང་ཚོར་ཤེས་ཅུང་ཞན་པས་ཡིན་སྲིད་ལ། ཆབ་སྲིད་ལ་ཚོར་བ་རྐྱེན་པ་ལས་ཆབ་སྲིད་ཀྱི་ངོ་བོ་ངོས་མི་ཟིན་པ་སོགས་ཀྱི་གནད་དོན་སོགས་ཀྱང་འདུས་ཡོད་དེ་ལས་ཀྱང་ཐབས་སྡུག་པ་སྤྱི་ཚོགས་འདི་ཉིད་གཞུང་ཟེར་བ་དང་སྤྱི་བའི་སྒྲིག་འཛུགས་ཟེར་བ་ནི་གང་ཟག་སྒེར་དང་ཚོགས་པ་སྒེར་ལ་འབྲེལ་བ་ཅི་ཡང་མེད་ཅིང་། གཞུང་གི་ཆབ་སྲིད་སྲིད་བྱུས་སོགས་ཀྱང་རང་ཉིད་དང་འབྲེལ་མེད་དོན་གཞན་དུ་གོ་བའི་སྤྱི་ཚོགས་ཡ་མ་ཟུང་དུ་གྲུབ་ཚར་བ་འདི་རེད། སྤྱིར་ང་ཚོའི་སྒྲིག་འཛུགས་འདི་ནི་དམངས་གཙོའི་གོ་རིམ་ལ་སྤྱི་ཚོགས་ཀྱི་གནས་བབ་བསམ་བློ་དང་འཚམས་པའི་ངང་འཕེལ་རྒྱས་འབྱུང་བཞིན་པའི་སྒང་ཡིན་ལ དེར་གཏན་འབེབ་བྱས་པའི་སྲིད་བྱུས་དང་ཁྲིམས་སྲོལ་སོགས་ཀྱང་རང་ཉིད་ཀྱིས་བདམས་ཚར་ཞིང་རང་ཉིད་ཀྱིས་རྒྱབ་སྐྱོར་བྱས་མྱོང་བའི་གྲོས་ཚོགས་འཐུས་མི་ཚོས་གཏན་ལ་ཕབ་བཞིན་པ་མཁྱེན་མངའ་བཞིན། སྒྲིག་འཛུགས་འདིའི་ལངས་ཕྱོགས་དང་ལྟ་བ་གང་ཡིན་པ་རྣམས་དང་། སྲིད་བྱུས་ཀྱི་ཁྱབ་ཚད་གང་ཡིན་པ་དག་ལ་གུས་བརྩི་བྱ་དགོས་པ་ནི་མི་ཕལ་བ་ཞིག་གི་ཀུན་སྤྱོད་ཀྱི་རྩ་དོན་དང་། ཁ་ཏན་ཚིག་ལ་གནས་པའི་སྒེར་གྱི་བྱེད་སྤྱོད་གལ་ཆེན་ཞིག་ཀྱང་ཡིན།༥ ༽མཐའ་དོན་གོང་བརྗོད་སྐད་ཆ་དག་མདོར་བསྡུས་ཏེ་བཤད་ན། བོད་ཀྱི་ཆབ་སྲིད་འཐབ་རྩོད་གཅིག་གྱུར་ཡོང་དགོས་ཞེས་པའི་སྐད་ཆ་འདི་དང་། གཞུང་མང་གཉིས་ཡ་བྲལ་དུ་མི་འགྲོ་བ་ཞེས་པའི་སྐད་ཆ་གཉིས་ལས་མེད་ཅིང་། དེ་ཡང་སྤྱི་ཕྱོགས་ནས་བོད་ཀྱི་སྤྱི་ཚོགས་གནད་དོན་དང་ཆབ་སྲིད་འཛིན་སྐྱོང་། ལྟ་བ་ལངས་ཕྱོགས་སོགས་ཀྱི་ངོས་ནས་མི་མཐུན་པ་དང་མི་འདོད་པ་མང་ཙམ་ཡོད་ཀྱང་། ད་ལྟའི་དུས་འདི་དང་དཀའ་ངལ་རིམ་བརྩེགས་ཀྱི་དུས་སྐབས་འདི་ལ། དཀའ་ངལ་ཆུང་ཁག་རིགས་ཟུར་དུ་བཞག་ལྟ་བ་ཕྲན་ཚག་རིགས་ལོགས་སུ་བསྐྱུར་ཏེ་དོན་གནད་ཆེ་ཁག་དང་དཀའ་ངལ་ཆེ་ཁག་རིགས་སེལ་ཐབས་ལ་འབད་པ་བྱ་དགོས་པ་ནི་དུས་དང་གནད་འགག་ངོས་ཟིན་སྟངས་གལ་ཆེན་ཞིག་ཡིན་པ་དང་། བོད་མི་རིགས་འདི་ཉིད་དུས་དང་ནམ་པ་ཀུན་དུ་གནད་འགག་ངོས་ཟིན་མཁན་གྱི་མི་རིགས་ཤིག་དང་། ལོ་རྒྱུས་ཀྱི་གལ་ཆེན་རང་བཞིན་ཧ་གོ་མཁན་གྱི་མི་རིགས་ཤིག་ཡིན་པ་ཧ་གོ་བ་བྱས་ཏེ། ཤིན་ཏུ་ཉག་ཕྲ་ཞིང་ཧ་ཅང་ནུས་པ་ཞན་པའི་སྒྲིག་འཛུགས་འདི་ཉིད་ལོ་རྒྱུས་ཀྱི་ནག་ཁང་དུ་མི་འདེད་པར། མི་མང་རེ་རེ་ངོས་ནས་གཞོག་འདེགས་དང་རྒྱབ་ལངས། ཅིག་སྒྲིལ་བཅས་བྱས་ཏེ་བོད་དོན་འཐབ་རྩོད་ལ་གསོན་ཉམས་ལྡན་པའི་ནུས་པ་དང་སྟོབས་ཤུགས་འབུལ་དགོས་ཟེར་བ་དེ་ཡིན་ལ་དེ་ཡང་དང་པོ་སྤྱི་དོན་ཡིན་ལ་མཐའ་མར་རང་དོན་ཀྱང་ཡིན་པའི་འདུ་ཤེས་ཤུགས་ཆེ་འཛིན་དགོས་ཞེས་པ་དེ་ཡིན། ཞར་ལ་འདི་ལྟའི་བསམ་བློ་གོང་སྤེལ་གཏོང་ཆེད་མི་སྒེར་ཚོགས་པ་སུས་ཀྱང་རང་ཉིད་ནས་འགོ་བརྩམས་ཏེ་ལས་འགུལ་འདྲ་མིན་སྤེལ་དགོས་པ་དང་། བོད་དོན་ལས་འགུལ་ཟེར་བ་ནི་སྐད་འབོད་ཙམ་དང་ཁྲོམ་སྐོར་བྱས་པ་ཁོ་ནས་མི་འཐུས་པར་གཅིག་སྒྲིལ་གྱི་སྟོབས་ཤུགས་དང་། མཉལ་ལས་ཀྱི་འདུ་ཤེས་སོགས་ཀྱི་རྨང་གཞིའི་ཐོག་ཡོང་དགོས་པའི་གོ་རིམ་ཧ་གོ་བ་བྱས་ནས། མུ་མཐུད་བོད་པ་གཅིག་དང་མི་རིགས་གཅིག ཕ་མ་གཅིག་གི་འདུ་ཤེས་རྒྱུན་འཛིན་བྱེད་ཐབས་ཐད་ལས་འགུལ་དང་དོ་སྣང་མང་ཙམ་གནང་རྒྱུ་གལ་ཆེན་དུ་བརྩིས་ཏེ། ངེད་ཚོགས་པའི་ངོས་ནས་བཙན་བྱོལ་སྤྱི་ཚོགས་ནང་དེར་འབྲེལ་གྱི་ལས་འགུལ་གང་འོས་སྤེལ་བའི་ལས་འཆར་ཡོད་པ་ལགས་ན། དེ་བཞིན་སེར་སྐྱ་མི་མང་ཡོངས་ཀྱིས་རྒྱབ་སྐྱོར་དང་རམ་འདེགས་གནང་རྒྱུ་མཁྱེན། ཞེས་ཀྱང་ཞུ། སྤྱི་ལོ་༢༠༡༢ལོའི་ཟླ་༡ ཚེས༡ ལ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ནས། སུད་སི་ནས་ཕུལ།

No comments: