ཚོགས་མིའི་སྒྲིག་གཞི།



དོན་ཚན་དང་པོ།
ཚོགས་པ་འདིར་ཞུགས་པའི་མི་སུ་ཡིན་ཡང་དང་པོ་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་བཅས་ལ་ངོས་ཟིན་གསལ་བོ་དགོས་ཤིང་། ཚོགས་པའི་ལངས་ཕྱོགས་དེར་མོས་མཐུན་རྒྱབ་སྐྱོར་ཡོད་པའི་ཐོག་ནས་ཚོགས་པར་འཛུལ་ཞུགས་བྱ་དགོས།
དོན་ཚན་གཉིས་པ།
ཚོགས་མི་སུ་ཡིན་ཡང་སོ་སོ་མ་བསྐུལ་དང་བླང་གིས་ཚོགས་པར་འཛུལ་ཞུགས་བྱ་བ་ལས། དོ་བདག་མོས་མཐུན་མེད་པར་གཞན་ཀྱི་བཙན་སྐུལ་དང་བསླུ་བྲིད་འོག་ཚོགས་པར་འཛུལ་ཞུགས་བྱ་མི་ཆོག
དོན་ཚན་གསུམ་པ། 
ཚོགས་མི་སུ་ཡིན་ཡང་ཚོགས་པའི་དམ་བཅའ་བརྟན་སྲུང་དང་ཚོགས་པས་ལས་འགན་ཅི་བགོས་ལྷག་བསམ་རྣམ་དག་གིས་བསྒྲུབ་ཐུབ་པར་ཆོད་སེམས་བརྟན་པོ་དགོས་རྒྱུ།
དོན་ཚན་བཞི་བ། 
ཚོགས་པའི་ལས་རིམ་སྒྲིག་སྟངས་དང་ལས་འགུལ་སྤེལ་ཕྱོགས། དེ་བཞིན་སྒྲིག་གཞི་གཏན་འབེབ་བྱེད་སྟངས་བཅས་ལ་ཚོགས་མི་རེ་ རེ་ནས་བསམ་འཆར་འདོན་རྒྱུ་ཤིན་ཏུ་ངལ་ཆེ་བས་ཚོགས་འདུ་རྒྱས་འཛོམས་ཐོག་སྒེར་གྱི་བསམ་ཚུལ་གསལ་བརྗོད་བྱ་དགོས། བསམ་ཚུལ་གང་ཡོད་ཚོགས་ཐོག་ནས་གསལ་བརྗོད་བྱ་རྒྱུ་ལས་གསང་སྟབས་བརྗེ་ལེན་གྱིས་ཚོགས་མི་བྱེ་བྲག་པར་ངན་ཁག་དཀྲུ་བ་སོགས་བྱ་མི་ཆོགདོན་ཚན་ལྔ་བ།  ཚོགས་མིའམ་མི་སྒེར་སུ་ཞིག་གིས་ཀྱང་ཚོགས་པའི་མིང་བེད་སྤྱོད་ཀྱིས་སྒེར་དོན་བསྒྲུབ་མི་ཆོག་ལ།  ཚོགས་མི་སུ་འདྲ་ཞིག་གིས་ཚོགས་པའི་ལས་གཞི་ལ་གནོད་པའི་ལས་དོན་བསྒྲུབ་མི་ཆོག
དོན་ཚན་དྲུག་པ། 
ཚོགས་མི་སུ་ཡིན་ཡང་ཚོགས་པའི་ཚོགས་འདུ་ནམ་ཡོད་ལ་བཅར་ཐུབ་དགོས་ཤིང་། གལ་སྲིད་སྒེར་གྱི་དཀའ་ངལ་དབང་གིས་བཅར་ཐབས་མ་བྱུང་བ་ཡིན་ན།དེ་བཞིན་ཚོགས་པའི་རྒྱུན་ལས་སུ་ཡིན་ལ་གསལ་བཤད་ཁ་གསལ་དགོས་རྒྱུ།
དོན་ཚན་བདུན་པ། 
ཚོགས་མི་ཚང་མས་ལོ་ལྟར་རང་ཉིད་གང་དུ་བཞུགས་པའི་རྒྱལ་ཁབ་དེའི་སྒོར་བརྒྱ་ཐམ་པ་རེ་ཚོགས་དངུལ་དུ་འབུལ་དགོས་ཤིང་། གལ་སྲིད་ལོ་གཉིས་རིང་བསྟུད་མར་ཚོགས་དངུལ་ཕུལ་ཐུབ་མེད་པ་ཡིན་ན། དོ་བདག་ཚོགས་མི་གང་དེ་ཚོགས་པའི་སྐྱིད་སྡུག་ནས་རང་འགུལ་གྱིས་ཐོན་པའི་ངོས་འཛིན་ཞུ་རྒྱུ།
དོན་ཚན་བརྒྱད་པ། 
ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་ཚོགས་མི་ཡོངས་ཀྱིས་མང་གཙོའི་འོས་ཤོག་གི་སྒོ་ནས་འདེམས་བསྐོ་བྱ་དགོས་རྒྱུ།
དོན་ཚན་དགུ་བ། 
ཚོགས་པའི་སྒྲིག་གཞི་སོགས་ལ་བསྒྱུར་བཅོས་དང་ཁ་གསབ། ཡང་ན་འཕྲི་སྣོན་སོགས་གང་ཞིག་བྱེད་པ་ལ་ཚོགས་མི་ཡོངས་ཀྱི་སུམ་ཆ་གཉིས་ཀྱི་མོས་མཐུན་མེད་པར་བསྒྱུར་བཅོས་གང་ཡང་གཏོང་མི་ཆོག
དོན་ཚན་བཅུ་བ། 
ཚོགས་གཙོ་དང་རྒྱུན་ལས་རྣམས་ཀྱི་ལས་ཁུར་དུས་ཡུན་ལོ་གཅིག་ཡིན་ཞིང་། 
ལོ་ངོ་གཅིག་དེའི་རིང་ཚོགས་པའི་ལངས་ཕྱོགས་བཞིན་ལས་འགུལ་ཅི་སྤེལ་ཚོགས་གཙོ་གཙོས་རྒྱུན་ལས་རྣམས་ཀྱིས་རྐང་ལེན་དང་གོ་སྒྲིག་ཞུ་རྒྱུ།
དོན་ཚན་བཅུ་གཅིག་པ། 
ཚོགས་པའི་རྒྱུན་ལས་རྣམས་དུས་ཚོད་ངེས་མེད་ནང་ཚོགས་པའི་ཚོགས་འདུ་དང་ལས་འགུལ་སྤེལ་རིགས་བཅས་ལ་བཅར་དགོས་ཤིང་། གལ་སྲིད་རྒྱུན་ལས་སུ་ཞིག་ཚོགས་འདུར་བཅར་མ་ཐུབ་པ་ཡིན་ན་ཚོགས་ག་ནས་ཐག་གཅོད་ཅི་བྱུང་ཚོགས་མི་དེས་མོས་མཐུན་གནང་བར་ཆ་འཇོག་ཞུ་རྒྱུ།
དོན་ཚན་བཅུ་གཉིས་པ། 
ཚོགས་མི་སུ་ཡིན་ཡང་ཚོགས་པར་ལས་ཀ་ནམ་ཡོད་ལ་བཅར་ཐུབ་དགོས། གལ་སྲིད་སླེབས་མ་ཐུབ་པ་ཡིན་ན་སོའི་སོའི་ཚབ་མི་གཏོང་རྒྱུ་དང་། ཡང་ན་སྒོར་བརྒྱ་ཐམ་པ་ཚབ་གཉེར་དུ་འབུལ་དགོས།
དོན་ཚན་བཅུ་གསུམ་པ། 
ཚོགས་པའི་རྒྱུན་ལས་སུ་ཡིན་ཡང་འགྲོ་གྲོན་གང་བྱུང་ཏུ་མི་གཏོང་བ་དང་། ཚོགས་པའི་འགྲོ་གྲོན་གཏོང་ཕྱོགས་གང་ཡིན་ཡང་རྒྱུན་ལས་གསུམ་ཆ་གཉིས་ཀྱི་མོས་མཐུན་རྒྱབ་སྐྱོར་གྱི་མིང་རྟགས་ཡོད་པའི་ཐོག་ནས་གཏོང་དགོས།
  དོན་ཚན་བཅུ་བཞི།
ཚོགས་ཐོག་ནས་བོད་སྐད་གཅིག་པུ་བེད་སྤྱོད་གཏོང་དགོས་རྒྱུ།
སྒྲིག་གཞི་འདི་སྤྱི་ལོ་༢༠༡༡ ལོའི་ཟླ ༡༡ཚེས ༦་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་སུད་སིའི་ས་གནས་ཤ་ཧྥོའོ་སེན་གྲོང་ཁྱེར་ནས་གཏན་འབེབ་བྱས།