Friday, March 1, 2013

རྒྱ་གཞུང་གི་ལོ་སར་གསོལ་སྟོན་ལ་འགྲོ་མཁན་གྱི་བོད་མི།




རྒྱ་གཞུང་གི་ལོ་སར་གསོལ་སྟོན་ལ་འགྲོ་མཁན་གྱི་བོད་མི།

(གསར་འགྱུར་མཁོ་གཏོང་བ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་རྒྱུན་ལས་ཁང་ཡིན་ལ། གསར་འགྱུར་འདིའི་འགན་ཡོངས་རྫོགས་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་འཁུར་ངེས་ཡིན།)
སྤྱི་ཟླ་༢ ཚེས༢༣ ཉིན་སུད་སི་རྒྱ་ནག་གཞུང་ཚབ་ཁང་གིས་ད་ལོའི་ལོ་སར་དགོང་ཚོགས་ཀྱི་གསོལ་སྟོན་གོ་སྒྲིག་དང་། གསོལ་སྟོན་དེར་རྒྱ་ནག་གཞུང་ཚབ་ཁང་དང་འབྲེལ་བ་ཡག་པོ་ཡོད་པའི་བོད་མི་མང་པོར་མགྲོན་ཤོག་བཏང་འདུག་ཅིང་། མགྲོན་ཤོག་བཏང་བ་ལྟར་གསོལ་སྟོན་དེར་མཉམ་ཞུགས་བྱེད་མཁན་སུད་སི་གནས་སྡོད་བོད་མི་ཁ་ཤས་མཉམ་ཞུགས་བྱ་འཆར་འདུག་པ་ཐོས་རྗེས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་། གཞན་སུད་སི་དང་ལེཀ་ཊཡན་བོད་རིགས་མི་མང་གི་སྐབས་བཅུ་གསུམ་པའི་ཚོགས་གཙོ་ཟུར་བ་ཀརྨ་་བང་རིམ་ལགས་ཀྱིས་གཙོས་པའི་དང་བླངས་པ་ཁག་ཅིག་བཅས་ས་གནས་དེར་བསྐྱོད་དེ་རྒྱུས་ལོན་བྱས་ཡོད།
ད་ལོ་སུད་སི་རྒྱ་ནག་གཞུང་ཚབ་ཀྱི་ལོ་སར་གསོལ་སྟོན་ལ་འགྲོ་མཁན་མཁན་ཁྲོད་ངོ་ཐག་ཆོད་པའི་བོད་མི་རྣམས་ནི་ཨ་ཕ་འབའ་བ་ནས་ཡིན་ཞིང་ཨ་མ་ལྷ་ས་ནས་ཡིན་པའི་སུད་སི་གནས་སྡོད་གཏེར་སེ་ཚུལ་ཁྲིམས་བཟའ་ཚང་གཉིས་དང་། ཕ་ཡུལ་ལྷ་ས་ནས་ཡིན་པའི་གླང་མདུན་དཔལ་ལྡན་བཟའ་ཚང་གཉིས་བཅས་ཡིན་འདུག་པ་དང་། གཞན་ད་དུང་བོད་མི་ཁ་ཤས་ཡོད་ཀྱང་དགོང་མོ་མུན་རུབ་ཀྱིན་པའི་སྟབས་དང་། ལྷག་དོན་གསོལ་སྟོན་བཤམས་ཡུལ་གྱི་ཉེ་འཁོར་ཡོངས་ལ་སུད་སི་ཉེན་རྟོག་པའི་བཀག་སྡོམ་ནན་མོ་བྱེད་བཞིན་པས་རྒྱ་གཞུང་གི་མགྲོན་ཤག་མེད་མཁན་གྱི་བོད་པ་སུ་ཡང་ཉེ་འཁྲིས་སུ་བཅར་མི་ཐུབ་པ་བཅས་ཀྱི་དབང་གིས་བོད་མི་ཁ་ཤས་ཤིག་ངོ་ཐག་ཆོད་མ་སོང་ལ། ཁ་ཤས་ཤིག་ཆེད་དུ་གསོལ་སྟོན་ལ་ཡོང་གི་ཡོད་ཀྱང་བོད་པ་རྗེས་འདེད་བྱེད་མཁན་མཐོང་རྗེས་ཕྱིར་ལོག་འགྲོ་མཁན་ཀྱང་བྱུང་སོང་།
རྒྱ་གཞུང་གི་ལོ་སར་གསོལ་སྟོན་ལ་འགྲོ་མཁན་གཏེར་སེ་ཚུལ་ཁྲིམས་ལ་སུད་སི་་དང་ལེཀ་ཊཡན་བོད་རིགས་མི་མང་གི་སྐབས་བཅུ་གསུམ་པའི་ཚོགས་གཙོ་ཟུར་བ་ཀརྨ་བང་རིམ་ལགས་ཀྱིས་གསོལ་སྟོན་འདིར་སོང་ན་ཞབས་འདྲེན་ཡིན་ཚུལ་བརྗོད་སྐབས། གཏེར་སེ་ཚུལ་ཁྲིམས་ཀྱིས་ཁ་ཕོ་ཆེན་པོས་ཚུར་ཕུད་རྒྱག་བརྒྱབ་པ་དང་། དེ་རིང་འདིར་ཨ་མདོ་ནས་ཡོང་བའི་གཞས་པ་ཁ་ཤས་སླེབས་ཡོད་པ་དང་། ༧གོང་ས་མཆོག་ཀྱང་ཨ་མདོ་ནས་ཡིན་སྟབས་འགྲོ་གི་ཡོད་ཚུལ་སོགས་གནས་ལུགས་མེད་པའི་ཁ་ཕོ་ཆེན་པོ་བསྒྲགས་མཐར། སུད་སི་ཉེན་རྟོག་པ་སླེབས་ཏེ་ཀརྨ་ལགས་གསོལ་སྟོན་བཤམ་ཡུལ་གྱི་ཉེ་འཁྲིས་ལས་གྱེས་དགོས་བྱུང་ཡོད་འདུག།
སྤྱིར་རྒྱ་ནག་གིས་ཆེད་དུ་བོད་ནས་གཞས་བ་ཁག་ཅིག་སྐད་གཏོང་འདུག་ཟེར་བ་ཙམ་ལས་དོན་དངོས་སུ་གཞས་པ་སུ་ཞིག་སྐད་བཏང་ཡོད་མེད་ཀྱི་གནས་ཚུལ་གང་དུའང་ཁྱབ་བསྒྲགས་བྱས་མི་འདུག་ལ། མི་མང་པོ་ཞིག་གིས་གསོལ་སྟོན་དེ་ནི་རྒྱ་ནག་གི་ཆབ་སྲིད་གཡོ་ཇུས་ཀྱི་གསོལ་སྟོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། སྔར་ལོ་གསོལ་སྟོན་དེ་རིགས་ལ་འགྲོ་མཁན་བོད་མི་མང་པོ་ལྷ་སར་ཁྲིད་དེ་བོད་ལྗོངས་བཅིང་གྲོལ་དུས་ཆེན་གྱི་མཛད་སྒོའི་སྟེང་ཕྱི་སྡོད་བོད་མི་རྣམས་ཀྱི་འཐུས་མི་ཡིན་ཚུལ་དང་། བོད་ཕྱི་ནང་གཉིས་ཀྱི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་དང་གུང་ཁྲན་ཏང་གི་རླབས་ཆེན་དབུ་ཁྲིད་ལ་མོས་མཐུན་གཙང་མ་ཡོད་ཚུལ་གྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་ཀུན་ཀྱིས་མཁྱེན་གསལ་ལྟར་རེད།
བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་བབ་འདི་ལ་ཐུག་པའི་སྐབས་འདིར་རྒྱ་གཞུང་གིས་བོད་མི་མང་པོ་བསླུ་འགུག་གིས་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་པ་སོགས་ཐབས་ཤེས་སྣ་དགུ་བཏོན་ཏེ་བོད་དོན་དཀའ་ངལ་འདི་བོད་མི་ཉུང་ཤས་ཤིག་གི་དཀའ་ངལ་ཡིན་ཚུལ་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་པ་དང་། ད་རེའི་གསོལ་སྟོན་འདི་ལྟ་བུ་བཤམས་ཏེ་བོད་མི་རེ་འགའ་སྐད་བཏང་སྟེ་མཉམ་འཛོམས་བྱས་རྗེས། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་པ་མང་པོ་ཞིག་གིས་རྒྱ་གཞུང་དང་མོས་མཐུན་གཙང་མ་ཡོད་ཚུལ་གྱི་དྲིལ་བསྒྲགས་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ཡིན་སྟབས། སུད་སི་དང་ལེཀ་ཊཡན་བོད་རིགས་མི་མང་གི་འཐུས་མི་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱིས་ལོ་སར་གསོལ་སྟོན་ལ་བོད་པ་རྣམས་སྐད་གཏོང་བཞིན་་པ་འདི་དང་། རྒྱ་ནག་གི་གཡོ་ཇུས་འོག་བོད་མི་ཁ་ཤས་བསླུ་འགུག་གིས་ཆབ་སྲིད་ལག་ཆར་བེད་གཏོང་བཞིན་པར་ངོ་རྒོལ་ཡོད་པའི་གྲོས་ཆོད་བཞག་ཡོད་པ་དང་། ལྷག་དོན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་ལོ་སྔོན་མ་ནས་བོད་མི་ཚོ་མཉམ་ཞུགས་མ་གནང་རོགས་ཟེར་ནས་རེ་སྐུལ་ཤུགས་ཆེན་བྱས་ཡོད་ཀྱང་། རེབ་འདིར་རེ་སྐུལ་དེ་སྣང་མེད་བྱས་ཐོག་རྒྱ་གཞུང་དང་མཉམ་དུ་ལོ་སར་གསོལ་སྟོན་ལ་རོལ་མཁན་བོད་མི་ཁ་ཤས་བྱུང་འདུག་འདུག་པ་གསལ་བོ་མཐོང་ཡོད།
གནད་དོན་འདིའི་ཐད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་སྔར་ལོའི་སུམ་བཅུའི་དུས་དྲན་སྐབས་སུད་སི་རྒྱལ་ས་སྦརན་ནས་སུད་སི་བོད་རིགས་ཡོངས་ལ་རེ་སྐུལ་ཤུགས་ཆེན་ཞུས་ཡོད་ཅིང་། གལ་སྲིད་ད་དུང་བོད་པ་རྣམས་རྒྱ་གཞུང་གི་ལོ་སར་གསོལ་སྟོན་ལ་མཉམ་ཞུགས་བྱེད་མཁན་ཡོད་ན་མཉམ་ཞུགས་བྱེད་མཁན་གྱི་མིང་དང་ས་གནས་སོགས་དྲ་རྒྱ་ཁག་ཏུ་ཁྱབ་བསྒྲག་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་ཞུས་ཡོད་པ་དང་། ལྷག་དོན་ད་ལོའི་ལོ་སར་ཚེས་ལ་ཉེ་བའི་སྐབས་དེར་དྲ་རྒྱ་ཁག་ཏུ་སུད་སི་བོད་རིགས་ཡོངས་ལ་འབོད་སྐུལ་བསྐྱར་སྣོན་གྱི་གསལ་བསྒྲགས་ཀྱང་ཞུས་པ་ལྟརད་ལོ་བོད་མི་ཉུང་ཤས་ཤིག་ལས་མཉམ་ཞུགས་བྱེད་མཁན་བྱུང་མེད་ཀྱང་། བོད་མི་ཉུང་ཤས་འདི་དག་གིས་གསལ་བསྒྲགས་དེ་དག་དང་རེ་སྐུལ་དེ་དག་སྣང་མེད་དང་། ལྷག་དོན་བོད་ནང་གི་བོད་མི་རྣམས་ཀྱི་སྡུག་བསྔལ་ལ་བསམ་ཤེས་མེད་པའི་བྱ་སྤྱོད་འདི་རིགས་སྤེལ་བ་ཡིན་སྟབས། ཆེད་དུ་བློ་ཕམ་གྱིས་ངང་ནས་གོང་བརྗོད་བོད་པ་འདི་དག་གི་མིང་དངོས་དྲ་རྒྱ་ཁག་ཏུ་མི་བསྒྲགས་ཐབས་མེད་ཆགས་པ་ཡིན་པའི་གནས་ཚུལ་འགྲེལ་བརྗོད་བྱེད་ཀྱིན་ཡོད།
གནད་དོན་འདི་ང་ཚོས་རྒྱུས་ལོན་བྱ་དགོས་པའི་རྒྱབ་ལྗོངས་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་ལོ་སར་ཚེས་ལ་ཉེ་བའི་སྐབས་མི་མང་ལ་རེ་སྐུལ་གསལ་བསྒྲགས་ཞུས་དོན་གཤམ་གསལ།
རྒྱ་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་བོད་ཀྱི་སྤྱི་ཚོགས་ཁ་འཐོརགཏོང་ཆེད་ཐབས་ཤེས་ཡོད་དགུ་འདོན་གྱིན་ཡོད་པའི་ཁྲོད། ཉེ་བའི་ལོ་ཤས་ནང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་རྒྱ་ནག་གཞུང་ཚབ་གྱི་གོ་སྒྲིག་འོག རྒྱ་བོད་གཉིས་མཉམ་གནས་དང་མཛའ་མཐུན་གཅིག་སྒྲིལ་བྱ་དགོས་པའི་ལས་དོན་ཁག་ལ་ཁ་གཡར་ཏེ། ལོ་སར་སྐབས་དང་དུས་ཆེན་ཁག་ནང་བོད་པ་མང་པོ་བསླུ་འགུག་བྱས་ཏེ་རྒྱ་བོད་གཉིས་མཛའ་འབྲེལ་གཅིག་མཐུན་ཡིན་པའི་ཁྱབ་བསྒྲགས་བྱེད་ཀྱིན་པའི་གནས་ཚུལ་ལ་བོད་པ་ཚོས་ངེས་པར་དོ་སྣང་བྱ་དགོས་ས་འདི་དག་ཡོད།
༡༽ རྒྱ་བོད་མི་རིགས་གཉིས་དུས་དང་རྣམ་པ་ཀུན་ཏུ་མཛའ་འབྲེལ་མཉམ་གནས་བྱ་དགོས་པའི་མི་རིགས་གཉིས་ཡིན་ཚུལ་༧གོང་ས་མཆོག་གཙོས་པའི་མཁས་དབང་དུ་མས་བཀའ་གནང་ཡོད་ནའང་། རྒྱ་ནག་གཞུང་གི་ད་ལྟའི་བྱེད་བབ་འདི་ནི་མི་རིགས་གཉིས་ཀྱི་མཛའ་འབྲེལ་གཅིག་སྒྲིལ་ཡོངཐབས་ཀྱི་དམིགས་མ་ཡིན་པར། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོ་གཙོས་བོད་དོན་ཆེད་ཚེ་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་འཐབ་རྩོད་ལས་འགུལ་ལམ་ལྷོང་མི་ཡོང་བའི་གཡོ་ཐབས་སྲིད་བྱུས་སྤེལ་ཐབས་ཤིག་ཡིན།
༢༽ བོད་པ་རྣམས་རྒྱ་ནག་གཞུང་གི་གོ་སྒྲིག་བྱེད་ཀྱིན་པའི་ལོ་སར་མཛད་སྒོ་ཁག་ལ་ཞུགས་པ་ཡིན་ན། རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་ཀྱི་དཀའ་ངལ་ནི་ཏ་ལའི་རུ་ཚོགས་ཀྱི་དཀའ་ངལ་ཙམ་ལས་བོད་མི་མང་གི་དཀའ་ངལ་མིན་ཚུལ་འགྲེལ་བརྗོད་བྱེད་ཀྱིན་པའི་ལག་ཆ་དངོས་དང་དཔང་རྟགས་དངོས་སུ་བེད་སྤྱོད་བཏང་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཁག་ནང་འགྲེམས་སྤེལ་བྱེད་ཀྱིན་ཡོད།
༣༽ རྒྱ་ནག་གཞུང་གིས་ནམ་རྒྱུན་བོད་པའི་སྤྱི་ཚོགས་ཁག་ནང་དཀྲུག་ཤིང་དབྱེན་སྦྱོར་ཀྱི་དམིགས་ཡུལ་འཛིན་གྱིན་ཡོད་པ་ལྟར། བྱེད་ཐབས་འདི་བརྒྱུད་བོད་པའི་སྤྱི་ཚོགས་ནང་ལྟ་བ་དང་ལངས་ཕྱོགས་འདྲ་མིན་ཐོག་རྩོད་ཉོག་མུ་མཐུད་ཡོང་བར་ཆེད་དུ་སྤེལ་བའི་ལས་འགུལ་ཞིག་ཡིན།
༤༽ རྒྱ་གཞུང་གིས་བོད་པའི་འཐབ་རྩོད་ནུས་མེད་དུ་གཏོང་བའི་དམིགས་ཡུལ་རྣམས་ལམ་ལྷོང་ཡོང་ཆེད་བོད་པ་མི་ཉུང་བ་ཞིག་ལ་གཉེན་ཕྲད་ཀྱི་གོ་སྐབས་སྤྲོད་ཀྱིན་པ་དང་། བོད་ནང་སྤྱི་ཚོགས་ཞབས་ཞུའི་ལས་རིགས་གང་མཚམས་སྤེལ་ཆོག་པའི་ཆོག་མཆན་སྤྲོད་པ། སློབ་སྦྱོང་དང་ཡུལ་སྐོར་ལྗོངས་རྒྱུ་སོགས་ཀྱི་གོ་སྐབས་སྤྲོད་ཀྱིན་ཡོད་པ་བཅས་ནི། དོན་དངོས་ཐོག་མི་སྒེར་གྱི་དཀའ་ངལ་ཙམ་མ་ཡིན་པར་བོད་དོན་འཐབ་རྩོད་ཀྱི་ཕུགས་ལ་གནོད་པའི་སྲིད་བྱུས་ནག་པོ་ཞིག་ཡིན།
༥༽ བོད་ནང་དཀའ་ངལ་མུ་མཐུད་ཕྲད་བཞིན་པའི་སྐབས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་བོད་པ་རྣམས་ཀྱིས་ཁེ་ཕན་ཆུང་ཚག་དང་མི་སྒེར་གྱི་དཀའ་ངལ་ཆེད་བོད་དོན་ལས་འགུལ་གྱི་ཕུགས་ལ་གནོད་པའི་ལས་གཞི་མུ་མཐུད་རྩོམ་པར་ཆེད་དུ་ཕྱེ་བའི་སྒོ་མོ་ཞིག་ཡིན།
༦༽ བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་རྒྱུན་མ་ཆད་པར་གནང་དང་གནང་བཞིན་པའི་སྐབས་འདིར། བོད་པ་རེ་ཟུང་ཞིག་གི་འཚོ་བའི་ཁེ་ཕན་ཆེད་རྒྱ་གཞུང་གི་ཆབ་སྲིད་ལག་ཆར་བེད་སྤྱོད་གཏོང་དུ་བཅུག་པའི་བྱ་སྤྱོད་འདི་ནི་བོད་ནང་གི་བོད་མི་རྣམས་བློ་ཕམ་བྱུང་ཡུལ་དུ་འགྱུར་ཉེནཤིན་ཏུ་་ཆེ། གོང་གསལ་དོན་ཚན་ཁག་ལ་བསམ་བློ་ཞིབ་མོ་གཏོང་མཁན་ཞིག་ཡིན་ན། རྒྱ་ནག་གཞུང་གིས་ང་ཚོར་དགའ་མདོག་གིས་ལོ་སར་གོ་སྒྲིག་བྱེད་ཀྱིན་པའི་གནད་འགག་མང་པོ་ཞིག་ཧ་གོ་ཡོང་བས་ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན་ལ། གལ་སྲིད་གསལ་བསྒྲགས་འདི་མཐོང་བཞིན་དུ་ད་དུང་རྒྱ་ནག་གི་རྒྱུག་ཁྱི་བྱེད་འདོད་ཡོད་མཁན་བྱུང་ཚེ། ལོ་སྔོན་མ་ནས་ང་ཚོའི་ཚོགས་པའི་ངོས་ནས་གསལ་བསྒྲགས་བྱས་ཟིན་པ་ལྟར། ད་ལོ་སུད་སི་རྒྱ་ནག་གཞུང་ཚབ་ཀྱིས་གོ་སྒྲིག་བྱས་པའི་ལོ་སར་མཛད་སྒོ་ཁག་ལ་མཉམ་ཞུགས་བྱེད་མཁནབོད་མི་རྣམས་ཀྱི་མིང་དང་ས་གནས། ལུང་ཚན་ལོ་རྒྱུས་བཅས་བོད་ཕྱི་ནང་གཉིས་ཀྱི་དྲ་ལམ་ཁག་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་བསྒྲགས་རྒྱུར་ཐེ་ཚོམ་ཅི་ཡང་མེད་པ་དགོངས་འཇགས་ཡོང་བར་ཞུ།
བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་རྒྱུན་ལས་ཁང་ནས། སྤྱི་ལོ༢༠༡༣ལོའི་ཟླ་༡ཚེས༡༨ཉིན་སྤེལ།
གཤམ་གསལ་པར་འདི་དག་ནི་གསོལ་སྟོན་དེར་འགྲོ་མཁན་གྱི་བོད་མི་རྣམས་ཡིན།

No comments: