Sunday, April 15, 2012

བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ུ་བཀའ་བློན་ཁྲི་ཟུར་ཟམ་གདུང་རིན་པོ་ཆེ་མཆོག་གིས་བོད་རིགས་སེར་སྐྱ་མི་མང་ལ། ༼ མཐུན་སྒྲིལ་ནི་མ་འོངས་བོད་ཀྱི་སྲོག་རྩ་ཡིན ༽ཞེས་པའི་མགོ་བརྗོད་འོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་དང་མང་ཚོགས་ཀྱི་འོས་འགན་སྐོར་ལ་གཏམ་བཤད་ཅིག་གནང་སོང་།


བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག རྡོར་གདན་ཐའེ་ལན་ཌའི་དགོན་པའི་ཉེ་འཁྲིས་དགུ་བཅུ་གསུམ་གཏམ་བརྗོད་འཁྲབ་ཐང་དུ་བཀའ་བློན་ཁྲི་ཟུར་ཟམ་གདུང་རིན་པོ་ཆེ་མཆོག་གིས་བོད་རིགས་སེར་སྐྱ་མི་མང་ལ། ༼ མཐུན་སྒྲིལ་ནི་མ་འོངས་བོད་ཀྱི་སྲོག་རྩ་ཡིན ༽ཞེས་པའི་མགོ་བརྗོད་འོག བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་དང་མང་ཚོགས་ཀྱི་འོས་འགན་སྐོར་ལ་གཏམ་བཤད་ཅིག་གནང་སོང་།གཏམ་བཤད་ཀྱི་ཐོག་མར་གོ་སྒྲིག་པས་སུད་སིར་བཅའ་བཞུགས་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱིས་ཐེངས་འདིར་མི་མང་ལ་གཏམ་བཤད་གོ་སྒྲིག་གནང་དགོས་པའི་རྒྱུ་མཚན་དང་། ཉེ་ལམ་གསར་དུ་དབུ་བརྙེས་པའི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་དམིགས་ཡུལ་དང་ལས་འགན། ཚོགས་པའི་གྲུབ་སྟངས་སོགས་ངོ་སྤྲོད་གནང་དོན།“ བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞེས་པའི་ཚོགས་པ་འདི་སུད་སིར་གནས་བཞུགས་བོད་རིགས་གཞོན་སྐྱེས་ལར་ཞེན་ཅན་སྐོར་ཞིག་གིས་བོད་པའི་འདས་པའི་ཀྱག་ཀྱོག་གི་ལོ་རྒྱུས་དང་། ད་ལྟའི་ཛ་དྲག་གི་གནས་བབ་དང་། མ་འོངས་འཕེལ་ཕྱོགས་བཅས་ལ་རྒྱང་གཟིགས་ཀྱིས་གསར་དུ་བཙུགས་པ་ཞིག་རེད་ལ། ཚོགས་པ་འདི་ཐོག་མར་མགོ་འཛུགས་ཀྱི་གོ་རིམ་ཁྲོད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་། བཀའ་བློན་ཁྲི་པ། སུད་སིའི་སྐུ་ཚབ་དོན་བཅོད་སོགས་ལའང་སྙན་གསེང་ཞུས་ཡོད་ས་རེད། གོ་སྒྲིག་པ་ངེད་ཅག་ལ་མཚོན་ན། ཚོགས་པ་འདིའི་ཚོགས་མི་དེ་འདྲ་མིན་ཡང་ཚོགས་པ་འདིའི་བྱུང་རིམ་དང་། དམིགས་ཡུལ་སོགས་བོད་ཀྱི་རྩ་དོན་ལ་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད་སྟབས། ཁོང་ཅག་ལ་རྒྱབ་སྐྱོར་གྱི་ཚུལ་དུ་དེ་རིང་གི་གཏམ་བཤད་འདི་གོ་སྒྲིག་ཞུས་པ་ཡིན” ཞེས་ངོ་སྤྲོད་གནང་བྱུང་།ཁོང་གིས་མུ་མཐུད་དུ། “ ང་རང་སྒེར་གྱི་མཐོང་ཕྱོགས་ཙམ་ཞུས་ན་ཡང་། ཚོགས་པ་འདིར་དམིགས་ཡུལ་མང་པོ་ཞིག་ཡོད་པའི་ནང་ནས། ད་ལྟའི་དུས་འདིར་ངྷ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གལ་ཆེའི་རང་བཞིན་མི་མང་ལ་གོ་རྟོག་སྤེལ་རྒྱུ་དང་། ཆོལ་ཁ་ཆོས་ལུགས་བར་གྱི་གླེང་རྙོག་ལ་ཁ་གཏད་གཅོག་རྒྱུ། དེ་བཞིན་སྤྱི་ཚོགས་ནང་གི་ཤེས་ཡོན་པར་བདག་པོ་རྒྱག་རྒྱུ་སོགས་ནི་ཧ་ཅང་ཡག་པོ་ཞིག་ཏུ་མཐོང་སོང་ལ། ཐེངས་འདིའི་དུས་འཁོར་དབང་ཆེན་དང་བསྟུན་ཏེ། ཕྱི་ལོ་ ༡༩༥༩ ཟླ་ ༡༢ པར་རྡོ་རྗེ་གདན་འདི་རུ་བོད་གཞུང་དམངས་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་ཏེ། ཆོལ་ཁ་ཆོས་ལུགས་མཐུན་ལམ་དང་རྩ་དོན་ཐོག་ཆིག་སྒྲིལ་གྱི་མནའ་གན་མཐུ་བོ་ཆེ་བཞག་སྟེ་ལོ་ངོ་ ༥༢ འཁོར་བར་ཕྱིར་དྲན་གྱི་ཚུལ་དུ། ༼ མཐུན་སྒྲིལ་ནི་མ་འོངས་བོད་ཀྱི་སྲོག་རྩ་ཡིན ༽ཞེས་པའི་མགོ་བརྗོད་འོག་བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་ཐོག་གཏམ་བཤད་གོ་སྒྲིག་ཞུ་ཐུབ་པ་འདི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། གང་ཡིན་ཟེར་ན། གནས་མཆོག་རྡོ་རྗེ་གདན་འདི་འཛམ་གླིང་གི་ནང་པ་ཡོངས་ཀྱིས་གནས་རྩ་ཆེན་ཞིག་ཏུ་བརྩི་བ་མ་ཟད། ང་ཚོའི་བོད་པར་མཚོན་ནའང་ཆོས་ཕྱོགས་ཙམ་དུ་མ་ཟད། མཐུན་སྒྲིལ་མཚོན་པའི་གནས་ཤིག་དང་། རྩ་དོན་འཐབ་རྩོད་མཚོན་པའི་གནས་ཤིག་ཀྱང་ཆགས་ཡོད ” ཅེས་བརྗོད་བྱུང་།  དེའི་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཏམ་བཤད་གནང་དོན། “ སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱིས་དེ་རིང་འདིར་གཏམ་བཤད་གནང་གོ་སྒྲིག་ཞུས་པ་རེད། སྤྱིར་འགྲོ་བ་མིའི་རིགས་ཟེར་བ་འདི་འཚོ་བ་ལ་བརྟེན་པའི་སེམས་ཅན་ཞིག་དང་། སེམས་ཅན་དེ་ཕན་ཚུན་གཅིག་ལ་གཅིག་བརྟན་བྱས་ཏེ་མི་སྡེ་སྤྱི་ཚོགས་གྲུབ་པ་རེད། སྤྱི་ཚོགས་ཟེར་བ་དེ་ཡང་སྒྲིག་འཛུགས་ཤིག་ལ་མ་བརྟེན་པར་གནས་ཐུབ་མེད་ལ། གདོད་མའི་མི་རིགས་ལ་མཚོན་ནའང་མགོ་འཁྲིད་མཁན་དང་ལམ་སྟོན་བྱེད་མཁན། འོས་དང་མི་འོས་ཐག་གཅོད་བྱེད་མཁན་ཡོད་པ་རེད། མགོ་འཁྲིད་དང་ལམ་སྟོན་བྱེད་མཁན་གྱི་སྒྲིག་འཛུགས་དེ་ལ་བརྟེན་ཏེ་འཚོ་བ་ཡར་རྒྱས་སུ་ཕྱིན་པ་རེད། དེ་ནས་རིམ་གྱིས་ས་ཁུལ་དང་སྐད་རིགས་སོགས་ཀྱི་དབང་གིས་མི་རིགས་དང་རྒྱལ་ཁབ་ཀྱི་ལམ་སྲོལ་དེ་རང་བཞིན་གྱིས་མེད་ཐབས་མེད་པའི་དགོས་མཁོའི་དབང་གིས་གྲུབ་ཅིང་། ད་ཆར་འཛམ་གླིང་འདིར་རྒྱལ་ཁབ་བརྒྱ་ཕྲག་འགའ་དང་མི་རིགས་སྟོང་ཕྲག་འགའ་གྲུབ་ཡོད་པ་རེད། འདི་དག་ཡོངས་རྫོགས་སྒྲིག་འཛུགས་ཤིག་ལ་བརྟེན་ཏེ་འཕེལ་རྒྱས་བྱུང་བ་ཤ་སྟག་རེད། ལྷག་པར་དུ་འདས་པའི་ལོ་ངོ་སུམ་བརྒྱ་ཡས་མས་ནང་བཟོ་ལས་འཕྲུལ་རིགས་དར་རྗེས་གཞུང་གི་སྒྲིག་འཛུགས་སྔར་ལས་དགོས་མཁོ་ཆེ་རུ་ཕྱིན་པ་རེད།གཞུང་དང་སྒྲིག་འཛུགས་མེད་པ་ཡིན་ན་མི་རིགས་དང་རྒྱལ་ཁབ་ཀྱི་རྣམ་པ་མཚོན་མི་ཐུབ་ལ། མི་རིགས་དང་རྒྱལ་ཁབ་ཀྱི་རྣམ་པ་མཚོན་པར་མང་ཚོགས་ཀྱིས་ངོས་ལེན་ཡོད་པའི་གཞུང་ཞིག་ངེས་པར་དུ་དགོས། དེ་འདྲ་མེད་པ་ཡིན་ན་མི་རིགས་གཞན་དང་རྒྱལ་ཁབ་གཞན་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད། གཞུང་དེའི་འོག་ཏུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྔོན་མ་ནས་ཡོད་ལ། ལྷག་པར་དུ་དམངས་གཙོའི་ལམ་སྲོལ་དར་བ་ནས་བཟུང་གཞུང་འབྲེལ་མིན་པའི་ཚོགས་པ་དར་སྲོལ་ཆེ་རུ་ཕྱིན་ཏེ་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་བྱུང་ཡོད། གཞུང་དེ་ལ་རྒྱལ་བའི་དབང་འཛིན་བཞུང་དང་། བཀས་བཀོད་རྒྱུད་འཛིན་གྱི་གཞུང་། དམངས་གཙོའི་གཞུང་། ཆོས་ལུགས་ཀྱི་གཞུང་སོགས་ཡོད་ལ། བོད་པར་མཚོན་ནའང་སྤྱི་ལོའི་སྔོན་གྱི་ལོ་ ༢༠༠ ཙམ་ནས་གཞུང་གི་སྒྲིག་འཛུགས་མགོ་ཚུགས་པ་རེད། དུས་དེ་ནས་ད་ལྟའི་བར་དུས་ཚོད་མང་ཤོས་རྒྱལ་བའི་དབང་འཛིན་གཞུང་རེད་ལ། དེ་ནས་ཆོས་སྲིད་བཟུང་འབྲེལ་བླ་མའི་གཞུང་འཛིན་སོགས་བྱུང་ཡོད” ཅེས་གསུངས་བྱུང་།ཁོང་གིས་མུ་མཐུད་དོན། “ བོད་མི་མང་གིས་ངོས་འཛིན་བྱས་པའི་དགའ་ལྡན་ཕོ་བྲང་ཁྲིམས་མཐུན་གྱི་གཞུང་འདི་ ༡༦༤༢ ལོར་དབུ་བརྙེས་པ་ནས་བཟུང་ ༢༠༡༡ བར་རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་དབང་འཛིན་གནང་ཞིང་། མི་རིགས་དང་རྒྱལ་ཁབ་སོ་སོའི་གཞུང་ཁྲིམས་མཐུན་ཡིན་མིན་གྱི་ས་མཚམས་དེ་རྒྱལ་ཁབ་གཞན་པས་ངོས་འཛིན་ཡོད་མེད་ལ་ཐུག་ཡོད་པ་མ་རེད། རྒྱལ་ཁབ་ནང་ཁུལ་གྱི་མི་མང་མང་ཕྱོགས་ཀྱིས་ངོས་ལེན་ཡོད་མེད་ལ་ཐུག་ཡོད། ལྷག་པར་དུ་དེང་གི་དམངས་གཙོའི་རིང་ལུགས་ནང་། མི་མང་གི་ཆེད་དུ་མི་མང་གིས་བཙུགས་པའི་མི་མང་གི་གཞུང་ཟེར་བ་དེ་ཁྲིམས་མཐུན་གྱི་ངོ་བོ་རེད། ང་ཚོར་ཡང་དེ་འདྲའི་གཞུང་ཞིག་ཡོད་པར་བརྟེན་ཏེ། འཛམ་གླིང་ཐོག་བོད་ཟེར་བའི་ཐ་སྙད་དང་ངོས་འཛིན་བྱུང་བ་རེད། ངོས་འཛིན་དེའི་དབང་གིས་རྒྱལ་སྤྱིའི་ནང་བོད་པར་གནས་བབ་ཅིག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་དུ་ཚུགས་སྐབས་ཀྱང་། གྲངས་ཉུང་མི་རིགས་གཞན་དག་དང་མི་འདྲ་བར་དྲག་ཤུགས་ལ་བརྟེན་པ་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཞིག་བརྒྱུད་དེ་དབང་བསྒྱུར་བྱ་དགོས་བྱུང་བ་རེད།དེང་སྐབས་སོག་པོ་དང་ཡུ་གུར་གཉིས་ལའང་རྒྱལ་སྤྱིའི་ཐོག་དྲི་བ་ཞིག་ལྷག་ཡོད་པ་དེ་ཡང་ཕྱི་ལོགས་སུ་སྒྲིག་འཛུགས་ཤིག་ཡོད་པ་ལ་བརྟེན་ཏེ་བྱུང་བ་རེད་ལ། བོད་པར་སོག་པོ་དང་ཡུ་གུར་ལས་ལྷག་པའི་དྲི་བ་ཞིག་ལྷག་ཡོད་པ་དེ་བོད་པར་ཁྲིམས་མཐུན་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་འདི་ལ་བརྟེན་ཏེ་བྱུང་བ་རེད། སྒྲིག་འཛུགས་དེ་ཡང་ལོ་རེ་བཞིན་རྒྱལ་སྤྱིའི་ཐོག་ཇེ་གསལ་དང་ཇེ་བརྟན་དུ་འགྲོ་བཞིན་ཡོད་ལ། དེ་ནི་ང་ཚོར་གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་དང་སྒྲིག་འཛུགས་དེ་ལ་རླབས་ཆེན་གྱི་དབུ་འཁྲིད་ཅིག་ཡོད་པར་བརྟེན་ཏེ་བྱུང་བ་རེད། སྤྱིར་འཛམ་གླིང་ཐོག་སྐྱབས་བཅོལ་བ་མང་པོ་ཡོད་ཀྱང་། བོད་པ་སྐྱབས་བཅོལ་བའི་གནས་བབ་གཞན་ལས་ལྷག་པ་ཞིག་ཡོད་པ་འདི་ཡང་སྒྲིག་འཛུགས་དང་དབུ་འཁྲིད་ལ་བརྟེན་ཏེ་བྱུང་བ་རེད། ནམ་ཞིག་སྒྲིག་འཛུགས་འདི་ཐོར་བ་ཡིན་ན། བོད་མི་རིགས་ཀྱི་ངོ་ཚབ་མཚོན་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་དོན་གང་ཡང་བོད་ཕྱི་ལོགས་ནས་བརྩམ་ཐུབ་མཁན་མེད་པ་ཟུར་བལྟས་ལེབ་མཐོང་རེད་ལ། བོད་ཕྱི་ལོགས་ནས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་འབྲེལ་གཏུག་དང་ལས་འགུལ་མཚམས་ཆད་པ་ཡིན་ན། རྒྱ་གཞུང་གིས་བོད་ནང་གི་གནས་ཚུལ་ཡོངས་གཉའ་གནོན་དང་དྲག་ཤུགས་ལ་བརྟེན་ཏེ་རྩ་མེད་བཟོ་རྒྱུ་ཡིན་པའང་ཟུར་བལྟས་ལེབ་མཐོང་རེད” ཅེས་གསུངས་བྱུང་།རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་འགྱུར་སྟངས་སྐོར་གསུངས་དོན། “ བོད་མི་རིགས་ཀྱི་ངོས་ནས་བལྟས་ན་ང་ཚོའི་ཁྲིམས་མཐུན་གྱི་གཞུང་དེ་བཙན་བྱོལ་དུ་གནས་ཤིང་། ཕྱི་ལོ་ ༡༩༦༢ ནས་རྒྱུན་མ་ཆད་པར་གནས་བའི་བོད་གཞུང་དེ་ད་ལྟའི་གནས་སྐབས་སུ་ཡང་དག་པའི་དམངས་གཙོའི་ལམ་སྲོལ་དུ་གྱུར་ཟིན་པ་འདི་རེད། བཙན་བྱོལ་བོད་གཞུང་ཟེར་བ་འདིར་རྒྱ་གར་གྱིས་མཚོན་པའི་ཕྱིའི་རྒྱལ་ཁབ་གང་གིས་ཀྱང་ངོས་ལེན་བྱེད་ཀྱི་མེད་སྟབས། བོད་པའི་ཁྲིམས་མཐུན་གྱི་གཞུང་དེ་རྒྱལ་ཁབ་གཞན་པའི་ནང་ཡུལ་ལུང་སོ་སོའི་ཁྲིམས་དང་མི་འགལ་བའི་ཐབས་མཁས་ཀྱི་ལམ་ནས་གནས་ཐུབ་པ་འདི་གཟི་བརྗིད་ཆེན་པོ་དང་། བོད་མིའི་ཕུགས་ཀྱི་རྩ་དོན་ཐོག་ཕན་ཐོགས་ཡོད་པའི་རླབས་ཆེན་གྱི་དོན་བཟང་ཤིག་༧གོང་ས་མཆོག་གིས་བསྐྲུན་པ་རེད།ཐོག་མ་ང་ཚོ་བཙན་བྱོལ་དུ་འབྱོར་སྐབས་དབྱིན་ཡིག་ནང་(Centre Tibet Administration of Hi Holiness The Dalai Lama)དང་། ང་ཚོ་བོད་པ་ཚོས༼ བཙན་བྱོལ་བོད་གཞུང ༽ཞེས་འབོད་ཀྱི་ཡོད། ༢༠༡༡ ལོར་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་འཁྲིད་ཚོར་རྩིས་སྤྲོད་གནང་སྐབས་༧གོང་ས་མཆོག་གི་མཚན་དེ་མཉམ་དུ་འཇོག་རྒྱུའི་གོ་སྐབས་རྫོགས་ཟིན་ཡང་། བོད་མིའི་སྒྲིག་འཛུགས་དེ་མུ་མཐུད་བོད་མིའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཆེད་དུ་དཀའ་ངལ་བར་ཆད་མེད་པར་གནས་དགོས་སྟབས། དབྱིན་ཡིག་ནང་གི་༧གོང་ས་ཏཱ་ལའི་བླ་མ་ཞེས་པ་བླངས་ཏེ་(Centre Tibet Administration)ཞེས་པར་བསྒྱུར་དགོས་བྱུང་བ་རེད། འཕོ་འགྱུར་དེ་དག་སོང་བར་བོད་ནང་དུ་མཚོན་ན་ཆབ་སྲིད་ཀྱི་གོ་རྟོགས་བཙན་བྱོལ་ལས་མཐོ་བ་ཡོད་སྟབས་ཟུར་ཟ་གནང་མཁན་གོ་མ་སོང་མོད། བཙན་བྱོལ་སྤྱི་ཚོགས་ནང་ཡིད་མ་རངས་པའི་སྐད་ཆ་བཤད་མཁན་རེ་ཟུང་བྱུང་ཡོད། གད་མོ་ཤོར་བ་ཞིག་ལ་འགའ་རེས་མཚན་བྱང་དེ་དག་ལ་བདག་པོ་བརྒྱབ་སྟེ་མ་འོངས་པར་བོད་མི་མང་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཟེར་གྱི་ཡོད། ད་ལྟའི་བར་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ངོས་འཛིན་མ་བརླགས་པར་སྡོད་ཐུབ་པ་དེ་༧རྒྱལ་བ་རིན་པོ་ཆེ་སྐུ་རྐྱང་གི་ཐུགས་རྗེ་བཀའ་དྲན་ལ་བརྟེན་ཏེ་བྱུང་བ་ཞིག་རེད་ལ། མ་འོངས་པར་ཡང་དེ་གནས་ཐུབ་མིན་༧གོང་ས་མཆོག་གི་ལམ་སྟོན་འོག་འགྲོ་ཐུབ་མིན་ལ་ཐུག་ཡོད། དེ་ལས་ལྷག་པའི་ལམ་སྟོན་དང་མགོ་འཁྲིད་བྱེད་ཐུབ་མཁན་ཞིག་དངོས་ཡོད་གནས་སྟངས་ཐོག་ནས་མེད་པ་ས་རིས་ཐང་གསལ་རེད། གལ་སྲིད་ཡོད་ན་དེ་རིང་ཁ་སང་གོ་སྐབས་ཆ་ཚང་བསྐྲུན་ཡོད། མང་ཚོགས་ཀྱི་རྒྱབ་སྐྱོར་ཡོད་ན་གནས་ཚུལ་གང་ཞིག་ཡིན་ཡང་དམངས་གཙོའི་ལམ་ནས་ཐག་གཅོད་བྱེད་པའི་ལམ་ཁ་ཡོད་ཡོད་པ་རེད། དེ་འདྲའི་གལ་གནད་ཆེ་བའི་སྒྲིག་འཛུགས་ཤིག་མ་འོངས་པར་ཉམས་ཆག་ཏུ་མི་འགྲོ་བའི་ལས་འགན་དེ་བོད་མི་མང་འཁྲི་ཡོད”མཇུག་བསྡོམས་ཀྱི་ཚུལ་དུ་གསུངས་དོན། “ བོད་མིའི་སྒྲིག་འཛུགས་ཀྱི་གལ་གནད་དང་མང་ཚོགས་ཀྱི་འགན་འཁྲི། ཞེས་པ་ལས་མང་ཚོགས་ཀྱི་ངོས་ནས་གཞུང་གི་དཔྱ་འཁྲལ་བསྡུ་འབུལ་དང་། ཆབ་སྲིད་ཀྱི་མགོ་འཁྲིད་འདེམས་སྐབས་འོས་བསྡུའི་ཆ་ཤས་ལེན་རྒྱུ། གཞུང་གི་ལས་ཀྱི་སྣེ་མོ་བའི་ནོར་འཁྲུལ་ལ་ཡོ་བསྲང་དང་ཐེར་འདོན། སྒྲིག་འཛུགས་ཀྱིས་མི་རིགས་དང་སྤྱི་ཚོགས་ལ་བསྐུར་བའི་ལས་དོན་ཐོག་འབད་འབུང་བྱ་རྒྱུ་བཅས་ནི་མང་ཚོགས་ལ་འཁྲི་བའི་ལས་འགན་རེད། དེ་དག་བསྒྲུབ་པ་ཡིན་ན་བོད་མིའི་ཁྲིམས་མཐུན་སྒྲིག་འཛུགས་རྒྱུན་གནས་ཐུབ་པ་དང་། དེ་བརྒྱུད་ནས་རིང་པོ་མ་ཐོགས་པར་བོད་པའི་བདེན་མཐའ་གསལ་བ། གཞིས་བྱེས་ལྷན་འཛོམས་ཡོང་བ་བཅས་ལ་རེ་བ་དང་ཡིད་ཆེས་གནང་མཆོག་པ་ཞིག་རེད ” ཅེས་གསུངས་བྱུང་།གསར་འགོད་པ། དོན་གྲུབ་བཀྲ་ཤིས།

No comments: