Sunday, April 15, 2012

༄༅། །སུད་སི་གྲོང་ཁྱེར་ཛོའི་རིག་ནང་གདུང་སེམས་མཉམ་བསྐྱེད་ལས་འགུལ་རྒྱ་ཆེ་ཞིག་སྤེལ་བ།

ཕྱི་ཟླ་༢ ཚེས་༢༢ དང་། བོད་ལོའི་ལོ་སར་ཚེས་༡ ཉིན་སུད་སི་གནས་སྡོད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་སུད་སི་གྲོང་ཁྱེར་ཛོ་རིག་ནང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྤྱི་དང་། ཁྱད་པར་ཕྱི་ལོ་༢༠༡༢ ལོ་གསར་དུ་ཚེས་ནས་ད་ལྟའི་བར་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་རུ་འགྲོ་བཞིན་པར་བརྟེན། གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་པ་རེད། བོད་ཆུ་འབྲུག་ལོའི་ལོ་སར་ཚེས་གཅིག་ཉིན།བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རྒྱ་ནག་དམར་གཞུང་གི་གདུག་རྩུབ་དང་གཉའ་མནོན་མ་བཟོད་པར་བོད་ཀྱི་རང་དབང་མང་གཙོའི་ཆེད་ལུས་སྲོག་ལོངས་སྤྱོད་ཡོངས་སུ་གཏོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱལ་སྤྱིའི་མི་མང་ཡོངས་དང་། ལྷག་དོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ཀྱི་དཀའ་སྡུག་གི་གནས་བབ་ལ་བདེན་པའི་རྒྱབ་ལངས་བྱ་དགོས་པའི་རེ་སྐུལ་ནན་ཞུ་བྱ་ཆེད། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་དམར་གཞུང་ལ་ངོ་རྒོལ་རྔམ་སྟོན་སྐད་འབོད་ཅིག་གོ་སྒྲིག་བྱས་འདུག་ལ། ལས་འགུལ་འདིར་སུད་སི་རི་ཀོང་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་།སུད་སི་བོད་རིགས་ཚོགས་པའི་ཚོགས་གཞོན་གཞིས་རྩེ་ཚང་བློ་བཟང་ལགས།ཡོ་རོབ་གཞོན་ནུ་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་གཙོས་བའི་ས་གནས་བོད་མི་བཞི་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད། བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ལས་འགུལ་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་ནང་། དེ་རིང་ནི་བོད་པའི་ལོ་སར་ཡིན། སྤྱིར་ཡིན་ན་ལོ་སར་ཚེས་པ་གཅིག་ཉིན་ནི་བོད་པ་ཚང་མས་དགའ་དགའ་སྤྲོ་སྤྲོ་བྱས་ནས་ཁྱིམ་མི་ལྷན་འཛོམས་བྱེད་པའི་དུས་ཚོད་ཅིག་ཡིན་མོད། འོན་ཀྱང་བོད་ཀྱི་ད་ལྟའི་གནས་སྟངས་ལ་བལྟས་ན་ཕལ་ཆེར་འདས་པའི་མི་ལོ་གཅིག་ཙམ་གྱི་རིང་ལ།བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གིས་སྐུ་ལུས་མཆོད་མེར་ཕུལ་མཁན་༢༣ བྱུང་ཡོད་པ་དང་། རྒྱ་དམར་གྱི་དམ་དྲག་གི་སྲིད་བྱུས་འོག་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་ཁྲིམས་ཆད་མི་སྤྱོད་ལས་འདས་པ་བྱེད་ཀྱིན་པའི་དུས་སྐབས་འདིར།བོད་མི་སུ་ཡིན་ཡང་དགའ་སྤྲོའི་ཉིན་མོ་སྐྱེལ་ཐབས་མེད་པའི་གནས་སུ་གྱུར་ཡོད་ཅིང་། རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ཀྱི་བློས་གཏོང་གི་སྙིང་སྟོབས་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་བྱ་བའི་ཆེད། བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ཀྱི་རེ་འདུན་དང་དཀའ་སྡུག་རྒྱལ་སྤྱིའི་མི་མང་ཡོངས་ལ་བསྒྲགས་ཕྱིར་ཐེངས་འདིའི་ལས་འགུལ་འདི་གོ་སྒྲིག་ཞུས་པ་ཡིན།ཞེས་དང་། རྒྱ་གཞུང་གིས་ནམ་ཡང་བོད་ཀྱི་ཞི་བའི་ངོ་རྒོལ་གནང་མཁན་སྤྱི་དང་།ལྷག་དོན་རང་དབང་དང་དམངས་གཙོ། ༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་པའི་ཆེད་དུ་སྐུ་ལུས་མཆོད་མེར་ཕུལ་མཁན་ཡོངས་ནི་འཇིགས་སྐུལ་དྲག་སྤྱོད་པ་རེད་ཟེར་གྱི་ཡོད།འོན་ཀྱང་དོན་དངོས་ཐོག་རྒྱ་གཞུང་རང་གི་སྲིད་བྱུས་སྤེལ་ཕྱོགས་དང་། ཕྱི་ལོ་༡༩༤༩ལོ་ནས་ད་ལྟའི་བར་བོད་མི་མི་འབུམ་ཕྲག་མང་པོ་དམར་གསོད་བཏང་ཚར་བ་མ་ཟད། ཉིན་ད་ལྟ་ལའང་བོད་ནང་མུ་མཐུད་དམར་གསོད་འཇིགས་སྐུལ་བཙན་གནོན་བྱེད་སྟངས་སོགས་ནི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དངོས་ཡིན་པ་ལས། ཐ་ན་འབུ་གྲག་མ་ཙམ་ཡང་བསད་མ་མྱོང་བའི་མི་རིགས་ཉམ་ཆུང་ཞིག་ལ་འཇིགས་སྐུལ་རིང་ལུགས་པའི་མིང་ཆས་བཏགས་པ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་སྐྱག་རྫུན་རང་རེད།ཅེས་དང་།ད་དུང་རྒྱ་གཞུང་གིས་ཕྱི་ལོག་ན་ཡོད་པའི་བོད་མི་ཚོས་བརྒྱུད་སྐུལ་འོག་བོད་ནང་གི་མི་མང་གི་ཚེ་སྲོག་རྩེ་སྤྱད་བྱེད་ཀྱིན་ཡོད་པ་རེད་ཟེར་གྱི་ཡོད། དོན་དངོས་ཐོག་བརྒྱུད་སྐུལ་བྱེད་མཁན་དེ་ནི་རྒྱ་གཞུང་རང་ཡིན་པ་ལས་ཕྱི་ཕྱོགས་ན་ཡོད་པའི་བོད་མི་སུ་གིག་གིས་ཀྱང་རང་ལུས་མེར་བསྲེགས་གཏོང་དགོས་པའི་བརྒྱུད་སྐུལ་བྱེད་མི་སྲིད། རྒྱ་གཞུང་རང་གི་སྲིད་བྱུས་ཀྱི་གདུག་རྩུབ་དང་དམ་དྲགབཙན་གནོན་བཅས་ཀྱི་བརྒྱུད་སྐུལ་འོག་བོད་མི་རྣམས་ཀྱི་རང་སྲོག་བློས་གཏོང་བྱ་དགོས་པའི་ཐབས་ཟད་ཨུ་ཐུག་གི་གནས་སུ་བརྫང་བ་ཡིན་སྟབས། རྒྱ་ནག་དམར་གཞུང་རང་ནི་ཐེངས་འདིའི་བོད་ནང་གི་གནས་སྟངས་ཛ་དྲག་ཏུ་འགྱུར་བྱེད་ཀྱི་བརྒྱུད་སྐུལ་བ་དངོས་ཡིན། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས། བོད་བསྟན་པ་དང་ཆ་སྲིད་ཀྱི་དོན་དུ་སྐུ་ལུས་མཆོད་མེ་རུ་ཕུལ་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་ངོས་འཛིན་ག་རེ་ཞུ་ཡོད་ཟེར་ན། ཆབ་སྲིད་ཀྱི་ཐོག་ནས་བཤད་ན་བླ་ན་མེད་པའི་རྒྱལ་གཅེས་དཔའ་བོ་དཔའ་བོ་ཞིག་ཏུ་ངོས་འཛིན་ཞུ་རྒྱུད་དང་། ཆོས་ཀྱི་ཐོག་ནས་བཤད་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཀྱི་བདེ་སྐྱིད་ཆེད་དུ་ལུས་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་སྲས་བྱུང་ཆུབ་སེམས་དཔའ་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་་གི་ཡོད།ཅེས་སོགས་གསུངས་སོང་། ལས་འགུལ་གྱི་མཇུག་མ་དྲིལ་གོང་ལ།བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཆོག་གིས་ཐེངས་འདིའི་ལས་འགུལ་གྱི་བསྒྲགས་གཏམ་སྒྲོག་སྦྱངས་གནང་བ་དང་།སུད་སི་གནས་སྡོད་མིག་དམར་ལྷ་མོ་ལགས་ཀྱི་འཇན་མན་སྐད་ཡིག་ནང་ལས་འགུལ་གྱི་རེ་འདོད་གཙོ་བོ་ཁག་སྒྲོག་སྦྱངས་གནང་།དེ་བཞིན་རི་ཀོང་མཁན་རིན་པོ་ཆེ་མཆོག་གིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་དང་སུད་སི་བོད་རིགས་ཚོགས་པའི་ཚོགས་གཞོན་མཆོག་གིས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་བ་བསྟུན།ལས་འགུལ་མཇུག་སྒྲིལ་བྱས་ཡོད།   ཐེངས་འདིའི་ལས་འགུལ་གྱི་རེ་འདོད་གཙོ་བོ་དོན་ཚན་བཞིར་བསྡུས་ཤིང་།

དང་པོ།བོད་ནང་ཉིན་བཞིན་རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་།རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་སོགས་སྣང་མེད་དུ་བསྐྱུར་ཏེ་ཉེས་མེད་མི་སེར་མང་པོ་དམར་གསོད་རྒྱུན་མ་ཆད་པར་བྱེད་ཀྱིན་པ་དང་།ལྷག་དོན་ད་ལོའི་ཕྱིི་ཟླ་དང་པོའི་ཚེས་༢༢ ཉིན་ནས་བྲག་མགོ་དང་དཀར་མཛེས།མགོ་ལོགགསེར་རྟ།རྔ་བ།བླ་བྲང་ཨ་མཆོག་སོགས་སུ་བོད་རིགས་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་ཉེས་མེད་མི་སེར་༧ དམར་གསོད་བཏང་བ་དང་།བརྒྱ་ལ་ཉེ་བ་རྨས་སྐྱོན་བཟོས་པ།བརྒྱ་ཕྲག་བརྒལ་བ་བཙོན་འཇུག་མནར་གཅོད་གཏོང་བཞིན་པ།དེ་བཞིན་ལྷ་ས་དང་རྫ་ཆུ་ཁ།ཁྲི་འདུ།ཡུལ་ཤུལ།བླ་བྲང་།རེབ་གོང་སོགས་ཀྱིས་གཙོས་པའི་བོད་ཀྱི་ས་ཁུལ་ཡོངས་ལ་དྲག་གནོན་མུ་མཐུད་བྱེད་ཀྱིན་ཡོད་པ་བཅས་ནི་མི་སྤྱོད་ལས་འདས་པའི་སྲིད་བྱུས་སྤེལ་ཕྱོགས་ཤིག་ཡིན་སྟབས།འཕྲལ་མྱུར་དམར་གསོད་དམ་དྲག་དང་མནར་གཅོད་དེ་རིགས་མཚམས་འཇོག་བྱ་དགོས།

གཉིས་པ།ཕྱི་ལོ༡༩༤༩ལོ་ནས་ད་ལྟའི་བར་བོད་ཀྱི་རང་དབང་དམངས་གཙོ་དང་། ཆོས་ལུགས་དད་མོས། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ། འཚོ་སྡོད་རང་དབང་སོགས་ཀྱི་ཆེད་དུ་ཚེ་སྲོག་ཕོངས་མེད་ཕུལ་བ་རྣམས་དང་། ལྷག་དོན་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་ཐུབ་རྒྱུ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་དམངས་གཙོའི་བདག་དབང་ལོངས་སུ་སྤྱོད་ཐབས་ཆེད་སྐུ་ལུས་མཆོད་མེ་རུ་ཕུལ་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་རེ་སྐུལ་དང་འབོད་ཚིག་ལ་རྒྱ་ནག་གཞུངགིས་དྲང་ཐད་ཀྱིས་ཉམས་ཞིབ་འཐིལ་ཕྱིན་བྱས་ཏེ། བོད་ཀྱི་དཀའ་ངལ་དངོས་དང་གནས་བབ་དངོས་ལ་འཚམས་པའི་ཐག་གཅོད་ཁ་གསལ་འཕྲལ་མྱུར་དགོས་རྒྱུ།

གསུམ་པ། རྒྱ་ནག་གཞུང་གིས་ཁ་ནས་མི་རིགས་འདྲ་མཉམ་ཞེས་པའི་མིང་ཚིག་བེད་སྤྱོད་གཏོང་བཞིན་ཡོད་ཀྱང་། དོན་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་མངོན་གསལ་དོད་པོས་སྤེལ་གྱིན་ཡོད་པ་ནི་སྤྱི་ལོ་༢༠༡༡ལོར་རྒྱ་ནག་གི་ས་ཁུལ་ཝོའི་ཁུན་གྱིས་མཚོན་པའི་རྒྱ་ནག་གི་ས་ཁུལ་མང་པོར་རྒྱ་རིགས་མི་མང་གི་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་གཞུང་གི་ངོས་ལེན་དང་དམ་དྲག་བྱེད་སྟངས་དང་། ད་ལྟ་བོད་རིགས་ཞི་རྒོལ་བའི་སྟེང་ལ་གང་བྱུང་མེ་མདའ་རྒྱག་པའི་བྱེད་སྟངས་འདི་གཉིས་ཀྱིས་གསལ་བོ་སྟོན་གྱིན་ཡོད་སྟབས། ང་ཚོས་རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་དུས་ནམ་ཡང་ངོས་ལེན་མེད་པ་མ་ཟད། བོད་དོན་བདེན་མཐའ་མ་སེལ་བར་དུ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས། བོད་ཀྱི་ད་ལྟ་དང་མ་འོངས་པའི་མི་རབས་གསར་བ་ཡོངས་ཀྱིས་ཚབ་བྱས་ནས་སྐད་གསེང་མཐོན་པོས་བསྒྲགས་པ་ཡིན།

བཞི་བ། སྤྱིར་མཉམ་འབྲེལ་རྒྱལ་ཚོགས་ནི་ཉམ་ཆུང་བའི་མི་རིགས་དང་རྒྱལ་ཁབ། མི་སྒེར་བཅས་ལ་སྟོབས་ལྡན་རྒྱལ་ཁབ་ཁག་གི་དྲག་པོའི་སྲིད་བྱུས་ཀྱིས་མཉའ་མནོན་བཤུ་གཞོག་བྱེད་པ་དང་། གདུག་རྩུབ་མནར་གཅོད་གཏོང་བཞིན་པ་རྣམས་ལ་བདག་པོ་རྒྱག་རྒྱུ་དང་། རྒྱལ་སྤྱིའི་འགྲོ་བ་མི་ཡོད་དོ་ཅག་ལ་འདྲ་མཉམ་དང་རང་དབང་གི་གོ་སྐབས་སྤྲོད་ཆེད་དམིགས་སུ་བཀར་ནས་བཙུགས་པ་ཞིག་ཡིན་མོད། ད་ལྟའི་བར་ཉམས་ཆུང་བའི་བོད་རིགས་མི་མང་གི་དཀའ་སྡུག་གི་ལོ་རྒྱུས་རྒྱལ་སྤྱིའི་མི་མང་ཡོངས་ཀྱི་མིག་མདུན་དུ་གསལ་བོར་གྱུར་བ་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ཀྱི་གདུག་རྩུབ་རྒྱལ་སྤྱིའི་ཁྲིམས་གཞི་ཁག་དང་རྒྱབ་འགལ་གྱིས་བོད་མི་མང་པོ་དམར་གསོད་དང་གཉའ་མནོན་མུ་མཐུད་བྱེད་བཞིན་ཡོད་ནའང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཡ་ལན་དང་དོ་ཁུར་འདོད་པ་ཁེངས་པ་གནང་ཐུབ་མེད་པ་ལ་བློ་ཕམ་ཚད་མེད་ཡོད་ཞུ་རྒྱུ་དང་། ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་ཀྱི་གནས་བབ་རྟོག་དཔྱོད་རུ་ཁག་ཅིག་གང་མགྱོགས་བོད་ནང་གཏོང་ཐབས་བྱ་དགོས་པ་དང་། རྒྱ་གཞུང་གིས་བོད་རིགས་ཞི་རྒོལ་མི་མང་རྣམས་དམར་གསོད་གཏོང་བཞིན་པར་ཉེས་འདོན་ཁ་གསལ་དགོས་རྒྱུ་བཅས་ཡིན།

No comments: