Sunday, June 17, 2012

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་དབུ་བརྙེས་ནས་མི་ཧྲིལ་བོ་གཅིག་ འཁོར་བའི་དུས་དྲན་མཛད་སྒོ།


སྤྱི་ ཟླ༧ཚེས་༨་ཉིན་སུད་སི་ས་གནས་རི་ཀོང་ཆོས་འཁོེེར་དགོན་གྱི་ཉེ་འགྲམ་རི་ཀོང་བོད་ རིགས་ཚོགས་ཆུང་གི་ཚོགས་ཁང་ནང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་དབུ་ཚུགས་ ནས་མི་ལོ་ཧྲིལ་བོ་གཅིག་འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད། དུས་དྲན་མཛད་སྒོ་འདིའི་སྟེང་གདན་ཞུའི་སྐུ་མགྲོན་གཙོ་བོ་རི་ཀོང་ཆོས་འཁོར་ དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་། ཡོ་རོབ་སྤྱི་ཟུར་ཚེ་རྡོར་ལགས། སུད་སི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ། ཡོ་རོབ་གཞོན་ནུའི་རྒྱུན་ལས་འཐུས་མི་སོགས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་ པའི་ཚོགས་པ་འདྲ་མིན་གྱི་འཐུས་མི་མང་པོ་དང་། ཟུར་ཞུགས་མི་མང་བཅས་མི་གྲངས་ལྔ་བཅུ་ལྷག་ཉམས་ཞུགས་གནང་འདུག 

ཚོགས་ པའི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་ཚོགས་པ་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་ནང་ བརྗོད་དོན། ཚོགས་པ་འདི་ནི་དང་པོ་མི་གསུམ་གྱི་གྲོས་བསྡུར་དང་རྒྱུན་རིང་བསམ་བློ་བཏང་ རྗེས། བོད་ཀྱི་ད་ལྟའི་གནས་བབ་ལ་དཔགས་ཏེ་ཚོགས་པ་འདི་འདྲ་ཞིག་དགོས་གལ་མཐོང་བ་དང་། ཚོགས་པ་འདི་དགོས་པ་ལ་མི་ཁ་ཤས་ཤིག་གིས་མི་ཡོང་བར་བསམ་ནས་ཤེས་ཡོན་དང་ཉམས་ མྱོང་ཡོད་མཁན་སྐོར་ཞིག་བསྡུ་བསྐོང་བྱས་པ་ཡིན་ལ། ཚོགས་པ་འདི་བཙུགས་ནས་མི་ལོ་གཅིག་འཁོར་བའི་དུས་ཚོད་འདིའི་ནང་ཚོགས་མི་ཡོངས་ ཀྱིས་འབད་བརྩོན་གནང་ཐོག་ད་ལོའི་རྡོ་རྗེ་གདན་དུ་དུས་དབང་སྐབས། ཟམ་གདོང་རིན་པོ་མཆོག་གདན་དྲངས་དེ་བཀའ་སློབ་ཞུས་པའི་ལས་འགུལ་ཞིག་གིས་འགོ་ བརྩམས་པ་ནས། སུད་སི་ནང་བསྟུན་མར་ལས་འགུལ་ཁ་ཤས་སྤེལ་ཡོད། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ ལངས་་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱེད་རྒྱུ་དང་། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཁ་ལ་ཁྱེར་ནས་བོད་མི་ནང་ཁུལ་དཀྲུག་ཤིང་རྒྱག་ མཁན་རྣམས་གནས་ལུགས་གསལ་བརྗོད་ཀྱིས་ཁ་གཏད་བྱེད་རྒྱུ་དེ་དང་། བཙན་བྱོལ་སྤྱི་ཚོགས་ནང་སློབ་གྲྭ་དང་གཞིས་ཆགས་ཁག དགོན་སྡེ་བཅས་སུ་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་རྒྱུ་དེ་ཡིན། ཞེས་སོགས་གསལ་བརྗོད་གནང་སོང་། 

བོད་ཀྱི་ མི་རབས་གསར་བའི་མཐུན་ཚོགས་གསར་འཛུག་གནང་ནས་མི་ཧྲིལ་བོ་གཅིག་འཁོར་བའི་དུས་ དྲན་མཛད་སྒོའི་ཐོག་མཁན་རིན་པོ་ཆེ་མཆོག་གི་བཀའ་སློབ་ཟབ་རྒྱས་ཞིག་གནང་བའི་ ནང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་འདས་བའི་མི་ལོ་གཅིག་ནང་སུད་སི་ནང་ ལས་འགུལ་རྣམ་གྲངས་མང་ཙམ་སྤེལ་བ་དང་། ལས་འགུལ་དེ་དག་སྤེལ་སྐབས་ཚོགས་པའི་ཚོགས་མི་ཚང་མ་སེམས་ཤུགས་ཡོད་མཁན་དང་། བོད་དོན་ལ་ཤ་ཚ་སེམས་ཁུར་ཡོད་མཁན་རྐྱང་ཡིན་པའི་བསམ་ཚུལ་བྱུང་། དམིགས་བསལ་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་སོགས་ཤིན་ཏུ་ཡག་པས་མུ་མཐུད་ ཚོགས་པ་འདིའི་ལས་འགུལ་དམིགས་བསལ་བ་ཞིག་གནང་ཐུབ་པའི་རེ་བ་ཡོད་སྐོར་གསུངས་པ་ དང་། ཚོགས་མི་མང་ཆེ་ཤོས་སུད་སིར་སླེབས་ནས་ཡུན་རིང་མ་འགོར་བ་རྐྱང་ཡིན་པ་དང་། ཁྱད་པར་གཞོན་སྐྱེས་རྐྱང་ཡིན་སྟབས་གཞོན་སྐྱེས་ཀྱི་སྣང་བའི་དབང་གིས་སྐབས་རེར་ ལས་འགུལ་སོགས་སེམས་ཤུགས་ཤུགས་སྤེལ་ཐུབ་ནའང་། ཚོགས་པའི་ལས་འགུལ་མུ་མཐུད་སྤེལ་བ་དང་ཚོགས་པའི་དམིགས་ཡུལ་རྒྱུན་འཁྱོངས་ཐུབ་ པ་ལ། ཕུགས་རྒྱང་རིང་བོ་དང་རྒྱུན་གནས་ཐུབ་པའི་བྱ་བཞག་ལ་དོ་སྣང་སྤྲོད་རྒྱུ་ནི་ཤིན་ ཆེ་སྐོར་དང་། སུད་སི་ནང་ཕེབས་ནས་ཡུན་རིང་འགོར་བའི་རྒན་རབས་པ་ཚོར་མཚམས་རེར་བཀའ་འདྲི་སོགས་ ཞུ་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཚོགས་པའི་མ་འོངས་པའི་ལངས་ཕྱོགས་དང་། ལས་འགུལ་སྤེལ་ཕྱོགས་བཅས་ལ་ཤིན་ཏུ་ཕན་ཞིང་ཧ་ཅང་མཁོ་བའི་བཀའ་སློབ་ལམ་སྟོན་ རིང་པོ་ཞིག་གནང་སོང་། 

དེ་བཞིན་ཚོགས་པའི་ དྲུང་ཡིག་ཕུན་ཚོགས་ལགས་ཀྱིས་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་ལངས་ཕྱོགས་ གསལ་བརྗོད་བྱས་དོན། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་གཞུང་དང་མི་མང་བར་གྱི་འབྲེལ་ལམ་ཡག་པོ་ཡོང་ ཐབས་དང་། བོད་ཀྱི་ད་ལྟའི་གནས་སྟངས་འདིའི་འོག་སྤྱི་བའི་སྒྲིག་འཛུགས་འདི་ཉིད་ཤིན་ཏུ་ གལ་ཆེ་ཡིན་དགོས་པའི་རྒྱུ་མཚན་སོགས་ཚོགས་པ་འདིའི་དམིགས་ཡུལ་དུ་འཛིན་དགོས་ དོན་ནི། མི་ཁ་ཤས་ཤིག་གི་བསམ་ཚུལ་དང་། གློ་བུར་བའི་བསམ་ཚུལ། སེམས་ཤུགས་གཅིག་པུ་ཙམ་གྱིས་བཤད་པའི་སྐད་ཆ་མིན། དེ་ནི་ང་ཚོ་བོད་ཀྱི་ལོས་རྒྱུས་ལ་ཕྱི་མིག་བལྟས། ད་ལྟའི་གནས་བབ་ལ་བསམ་བློ་བཏང་། མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་སོགས་ལ་ཚོད་དཔག་དང་དབྱེ་ཞིབ་བྱས་ ཐོག་གཏན་ལ་ཕབས་པ་ཞིག་ཡིན། ཞེས་སོགས་གསལ་བརྗོད་བྱས་སོང་། 

ཉིན་ རྒྱབ་ཆུ་ཚོད་གཉིས་པ་ནས་ཚོགས་པའི་ལོ་འཁོར་ལས་སྡོམ་གྱི་ཚོགས་ཆེན་དབུ་འཛུགས་ གནང་བ་དང་། དེ་ནི་ཚོགས་མི་ཁོ་ནས་གྲུབ་པའི་ཚོགས་ཆེན་ཞིག་ཡིན།  ཚོགས་ཆེན་དེར་ཚོགས་པའི་རྒྱུན་ལས་གསར་འདེམས་གནང་བ་དང་། མ་འོངས་པའི་ལས་འགུལ་སྤེལ་ཕྱོགས་དང་། ཚོགས་པའི་དཔལ་འབྱོར་འཚོལ་སྒྲུབ་བྱེད་ཕྱོགས། སྒྲིག་གཞི་སོགས་ལ་བསྐྱར་བཅོས་བཅས་ཀྱི་ཐོག་གྲོས་ཆོད་སོགས་བཞག་ཡོད།

No comments: