Monday, July 23, 2012

དེ་རིང་སུད་སི་གྲོང་ཁྱེར་ཛུ་རིག་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་།

<

དེ་རིང་སུད་སི་གྲོང་ཁྱེར་ཛུ་རིག་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་ཚོས་ངོ་རྒོལ་སྐད་འབོད་གནང་ཡོད་པ་དང་། སྐབས་དེར་སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོ་ལགས་ཀྱིས་གཞིས་བྱེས་བོད་མི་ཚོས་བོད་ཀྱི་འཐབ་རྩོད་དེ་མི་རབས་རིམ་བརྒྱུད་ཀྱི་བྱེད་ངེས་ཡིན་པ་དེ་གཞིས་བྱེས་གཉིས་ཀྱི་བོད་མི་ན་གཞོན་ཚོས་ར་སྤྲོད་བྱེད་ཀྱིན་ཡོད་པས་ང་ཚོ་སེམས་ཤུགས་ཆགས་པ་དང་། སྙིང་སྟོབས་ཉམས་དགོས་པའི་དུས་ཚོད་ཤིག་རྩ་བ་ནས་མ་རེད་ཅེས་གསུངས་སོང་། 

དེ་ཡང་ཟླ་འདིའི་ཚེས་ ༤ ཉིན་ཕྱི་དྲོ་ཆུ་ཚོད་ ༤ དང་ ༣༠ ནས་ ༦ དང་ ༣༠ བར་སུད་སི་ཛུ་རིག་གྲོང་ཁྱེར་དང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་བཅས་སུ་བོད་མི་བརྒྱ་དང་ལྔ་བཅུ་བརྒལ་བས་ཐེངས་དང་པོར་སུད་སིའི་རྒྱལ་དར་འཕྱར་བ་དང་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་ལ་རང་དབང་དགོས་པ་དང་བོད་མིར་རོགས་སྐྱོར་ཡོང་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ཕྱི་ལོ་ ༡༩༤༩ ལོར་རྒྱ་དམར་བོད་དུ་བཙན་འཛུལ་བྱས་པ་ནས་ད་བར་བོད་དུ་དམར་གསོད་དང་། བཅར་རྡུང་། གཏོར་བཤིག་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པའི་བཙན་འཛུལ་དབང་བསྒྱུར་དང་། ལྷག་པར་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་དུ་རྒྱ་ནག་གཞུང་གིས་མངོན་གསལ་མ་ཡིན་པའི་དྲག་པོ་དམག་གི་ཁྲིམས་གཞི་ལག་བསྟར་བྱས་པ་དང་། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་དུ་བོད་མི་ན་གཞོན་ཚོ་གཙོ་བོར་གྱུར་པའི་བོད་མི་ཚོས་རང་ལུས་མེར་བསྲེགས་ཐེངས་ ༤༤ བྱུང་བ་སོགས་བོད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་ཡོད་པས་རོགས་སྐྱོར་ཡོང་བའི་འབོད་སྐུལ་ཡི་གེ་འཇར་མན་སྐད་ཡིག་ཐོག་ཡུལ་མིར་འགྲེམས་སྤེལ་དང་། རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་ཐེངས་འདིའི་ལས་འགུལ་དང་འབྲེལ་བའི་ཐོག་ནས་སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོ་ལགས་ཀྱིས་གཞིས་བྱེས་བོད་མི་ཚོས་བོད་ཀྱི་འཐབ་རྩོད་དེ་མི་རབས་རིམ་བརྒྱུད་ཀྱི་བྱེད་ངེས་ཡིན་པ་དེ་གཞིས་བྱེས་གཉིས་ཀྱི་བོད་མི་ན་གཞོན་ཚོས་ར་སྤྲོད་བྱེད་ཀྱིན་ཡོད་པས་ང་ཚོ་སེམས་ཤུགས་ཆགས་པ་དང་། སྙིང་སྟོབས་ཉམས་དགོས་པའི་དུས་ཚོད་ཤིག་རྩ་བ་ནས་མ་རེད། དེར་བརྟེན་བོད་མི་ཚོས་བོད་དོན་ལ་སྔར་ལྷག་འགན་ཁུར་གྱིས་སྒོ་ནས་རྒྱ་ནག་གཞུང་ལ་བོད་དོན་འདི་ཏཱ་ལའི་བླ་མ་མཆོག་གི་གནད་དོན་མིན་པར་བོད་མི་མང་གི་བདེ་སྡུག་གི་གནད་དོན་ཡིན་པ་ར་སྤྲོད་དང་། བོད་ཀྱི་རང་དབང་རྩོད་ལེན་ངེས་པར་བྱེད་ཀྱི་ཡིན་བསམ་པའི་སྙིང་སྟོབས་དགོས་སྐོར་གསུངས་སོང་། དེ་རྗེས་ཡུ་རོབ་ཁུལ་གྱི་སྤྱི་ཟུར་ཚེ་རྡོ་ལགས་ཀྱིས་འདི་ལྟའི་ལས་འགུལ་ཁག་ལ་བོད་མི་ཚོས་ཉམས་ཞུགས་དགོས་པ་དང་། འདི་ལྟའི་གལ་ཆེའི་ལས་འགུལ་མུ་མཐུད་སྤེལ་གནང་ཡོང་བའི་རེ་བ་ཡོད་ཅེས་གསུངས་སོང་། དེ་རྗེས་བོད་མི་ཚོས་སུ་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་ཐེངས་འདིའི་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།

སུད་སི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ནི་ ཕྱི་ལོ་ ༢༠༡༡ ལོར་གསར་དུ་དབུ་བརྙེས་པ་དང་། ད་བར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་སོགས་བོད་ཀྱི་གནད་ཡོད་མི་སྣ་ཁག་ལ་བཀའ་སློབ་དང་ལམ་སྟོན་ཞུ་བཞིན་སུད་སི་ཁུལ་དུ་བོད་དོན་་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་རེད།

No comments: