Monday, September 24, 2012

བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱིས་ངྷ་སར་བགྲོ་གླེང་གོ་སྒྲིག་ཞུས།

ཁ་སང་ཕྱི་དྲོར་ངྷ་ས་ཉིན་སློབ་ཚོགས་ཁང་དུ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་ཛ་དྲག་གི་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་ཆོལ་ཁ་གསུམ་གྱི་སྐུ་ཚབ་སྤྱི་འཐུས་རེ་ཡིས་བགྲོ་གླེང་གཏམ་བཤད་གནང་སོང་། ཁ་སང་ཕྱི་དྲོའི་ཆུ་ཚོད་༥ དང་ཕྱེད་ཀའི་སྟེང་ངྷ་ས་ཉིན་སློབ་ཚོགས་ཁང་དུ་སུད་སིར་རྟེན་གཞི་བྱེད་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བོད་པའི་ཛ་དྲག་གི་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་དང་། མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས། དབུ་མའི་ལམ་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་བཅས་ཀྱིས་གཏམ་བཤད་བགྲོ་གླེང་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་བཅས་གནང་སོང་།

བགྲོ་གླེང་དབུ་འཛུགས་ཐོག་དམིགས་བསལ་ཚོགས་ཆེན་ལ་བཅར་བའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་དཔའ་བོ་ལགས་ཀྱིས་ཚོགས་པའི་བྱུང་རིམ་ངོ་སྤྲོད་དང་འབྲེལ། ཐེངས་འདིར་ངྷ་སར་བགྲོ་གླེང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སྐོར་གསལ་བཤད་གནང་པ་ལྟར་ན། ཚོགས་པ་དེ་ནི་འདས་པའི་ལོ་གཅིག་ཙམ་གྱི་གོང་དུ་སུད་སིར་གནས་བཞུགས་བོད་རིགས་གཞོན་སྐྱེས་སྐོར་ཞིག་གི་སྣེ་འཁྲིད་འོག ༧གོང་ས་མཆོག་གི་ཐུགས་དགོངས་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་གང་ཡིན་པར་རྒྱབ་སྐྱོར་གནང་ཆེད་དང་། གཞུང་དམངས་གཉིས་ཀྱི་འབྲེལ་ལམ་ཟབ་ཏུ་གཏོང་ཐབས་དང་བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ། སྤྱི་ཚོགས་ནང་གི་ཤེས་ཡོན་ཅན་དང་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བཅས་ཀྱི་ཆེད་དུ་གསར་འཛུགས་བྱས་པའི་ལས་འགུལ་ཚོགས་པ་ཞིག་ཡིན་པ་དང་། ཐེངས་འདིར་ངྷ་རམ་ས་ལར་ལས་འགུལ་སྤེལ་བ་ཐོག་མ་དེ་ཆགས་ཡོད་འདུག ཐེངས་འདིའི་བགྲོ་གླེང་དེ་ནི། ལོ་སྔ་ཕྱིར་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་། བོད་ཕྱི་ལོགས་སུའང་ཆབ་སྲིད་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ནང་གནས་ཚུལ་འདྲ་མིན་ཞིག་འཐོན་བཞིན་པར་ཆེད་དུ་དམིགས་ཏེ། དབུ་མ་དང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་གཉིས་ཀ་སྡིངས་ཆ་གཅིག་གི་ཐོག་གདན་འདྲེན་གྱིས་ད་ལྟའི་བོད་ཀྱི་ཛ་དྲག་གནས་བབས་དང་མ་འོངས་པའི་ཁ་ཕྱོགས་ཐད་དགོངས་འཆར་དང་ནུས་པ་གཅིག་ཏུ་སྤུངས་ཆེད་ཡིན་སྐོར་སོགས་བརྗོད་བྱུང་། བགྲོ་གླེང་དངོས་གཞིའི་ཐོག་བཀའ་ཟུར་མདོ་སྨད་སྤྱི་འཐུས་ཐུབ་བསྟན་ལུང་རིག་ལགས་ཀྱིས། ད་སྔ་བོད་མི་༥༡ གིས་བོད་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ཀྱང་། མེར་བསྲེགས་གཏོང་མཁན་ཚོའི་རེ་བ་ནང་བཞིན་རྒྱལ་སྤྱིའི་སྟེང་གྲུབ་འབྲེས་ཐོན་མེད་པ་དང་། ཁོང་ཚོའི་མེར་བསྲེགས་ལས་འགུལ་ལ་གྲུབ་འབྲེས་ཡོད་མེད་ལས་འཚེ་བ་ཡིན་མིན་གྱི་སྐད་ཆ་ཡོང་གི་ཡོད་སྟབས། བོད་མི་ཚོས་རྒྱ་ནག་གི་ཁྲིམས་དང་མཐུན་པའི་ཐོག་ནས་རང་དབང་འཐབ་རྩོད་བྱས་དེ་བསྙོན་འཛུགས་ལ་ལག་པ་འཆིང་ས་མེད་པ་ཞིག་ཡོང་ཐབས། ཕྱི་ཕྱོགས་ནས་ཀྱང་ད་སྔ་རྒྱལ་སྤྱིའི་སྟེང་བོད་པར་རྒྱབ་སྐྱོར་ཡོད་ཀྱང་། ཕྱིན་ཆད་སྲིད་ཇུས་རང་བཞིན་གྱི་རྒྱབ་སྐྱོར་འཚོལ་རྒྱུར་འབད་བརྩོན་བྱ་དགོས་སྐོར་བརྗོད་སོང་། སྤྱི་འཐུས་ཚོགས་གཙོ་ཟུར་པ་དང་དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་ད་ལྟའི་བོད་ཀྱི་ཛ་དྲག་དེ་སྣོད་བཅུད་གཉིས་ཐོག་འཕྲད་བཞིན་པའི་ཧ་ཅང་གི་ཛ་དྲག་གནས་བབས་ཤིག་ཏུ་གྱུར་ཡོད་པ། ཛ་དྲག་གནས་བབས་དེར་བོད་གཞིས་བྱིས་གཉིས་ཀར་འགན་ཡོད་ཅིང་། བོད་ནང་གི་བོད་མི་ཚོས་ཛ་དྲག་གི་དུས་སྐབས་དེའི་འོག་བོད་ཀྱི་རྩ་དོན་ཆེད་ལས་འགུལ་གང་སྤེལ་པ་དག བཙན་བྱོལ་གཞུང་དམངས་སྤྱི་སྒེར་ཚང་མས་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་དང་ཁ་གསལ་བཟོ་རྒྱུ་གལ་ཆེན་པོ་ཡིན་པ། རྒྱ་གཞུང་གིས་སྲིད་ཇུས་བང་བསྒྲིགས་ཏེ་བོད་ཀྱི་སྣོད་བཅུད་གཉིས་རྩ་མེད་བཟོ་རྒྱུ་དེ་ཡིན་སྟབས། གཞིས་བྱིས་བོད་མི་ཚང་མས་རྒྱ་གཞུང་གི་སྲིད་ཇུས་དེར་ཁ་གཏད་གཅོད་དགོས་སྐོར་བརྗོད་སོང་། བགྲོ་གླེང་པ་མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་སྟེང་འབུར་དུ་ཐོན་པ་ཞིག་དང་། རྒྱ་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ནི་དངོས་ཡོད་ཀྱི་གནད་དོན་ཆེན་པོ་ཞིག་ཏུ་མི་བརྩི་ཐབས་མེད་ཅིག་ཏུ་འགྱུར་འཇུག་རྒྱུ་དེ་གལ་ཆེ་ཤོས་དང་། བོད་ཀྱི་འཐབ་རྩོད་གསོན་གནས་དང་ནུས་པ་རྒྱ་སྐྱེད་ཡོང་རྒྱུར། གཞིས་བྱིས་བོད་རིགས་ཀུན་གྱིས་བཀུར་ཡུལ་༧གོང་ས་མཆོག་བཞུགས་ཡོད་པ་དེ་བོད་ཀྱི་གནད་དོན་གསོན་གནས་ཀྱི་སྟོབས་ཤུགས་ཡིན་པ། བཙན་བྱོལ་བོད་གཞུང་མུ་མཐུད་གནས་དགོས་པ། གཞིས་བཞུགས་བོད་མིའི་སྟོབས་ཤུགས་ལ་བདག་པོ་རྒྱག་རྒྱུ་དང་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་གཏོང་རྒྱུ། གཞིས་བྱིས་གཉིས་ཀྱི་འབྲེལ་བ་ཡག་པོར་གནས་ཐུབ་རྒྱུར་མུ་མཐུད་འབད་བརྩོན་བྱ་དགོས་པ། བོད་ཀྱི་གནད་དོན་དེ་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་ཏུ་འགྱུར་འཇུག་བཅས་ཡིན་པར་བརྗོད་སོང་། མཐར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་ལགས་ཀྱིས་༧གོང་ས་མཆོག་ནི་བླ་སྤྲུལ་ཞིག་ཡིན་པ་ཙམ་གྱིས་དད་གུས་བྱ་དགོས་པར་བརྗོད་ཀྱི་མེད་པར། ཁོང་གི་སྐུ་ཕྲེང་རིམ་བྱོན་དང་ལྷག་པར་དུ་༧གོང་ས་༡༤ མཆོག་གི་ཆོས་ལུགས་དང་ཆབ་སྲིད། སྤྱི་ཚོགས། མཐའ་ན་བུད་མེད་ཀྱི་ཐོབ་ཐང་ཡན་ནས་དགོངས་བཞེད་རླབས་ཆེན་ཡོད་པ་བོད་མི་ཀུན་གྱིས་ངོས་ཟིན་པའི་ཐོག་ནས་དད་མོས་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་པ། བཀའ་ཤག་གིས་རྒྱ་རིགས་འབྲེལ་མཐུད་ལྷན་ཁང་ཞིག་གསར་འཛུགས་ཐོག་བོད་རྒྱའི་འབྲེལ་ལམ་གོང་འཕེལ་གཏོང་རྒྱུ། སྤྱི་འཐུས་ལྷན་ཁང་གིས་ཛ་དྲག་ཚོགས་ཆུང་བསྐྱར་དུ་སྒོ་ཕྱེས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ལ་ཞིབ་འཇུག་གིས་རྒྱལ་སྤྱིའི་སྟེང་དང་གསར་ལམ་ཁག བོད་པའི་གཞིས་ཆགས་ཁག་བཅས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཁྱབ་སྤེལ་གོ་རྟོགས་སྤེལ་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་ཡོད། གོ་སྒྲིག་པས་ངོ་སྤྲོད་གནང་བ་ལྟར་ན། ཐོག་མ་ཐེངས་འདིའི་བགྲོ་གླེང་དེ་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག་དམིགས་བསལ་ཚོགས་ཆེན་འཚོགས་ལ་ཉེ་བའི་གོ་སྐབས་དང་བསྟུན་ཏེ། བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མ་ཡིན་པའི་ཆབ་སྲིད་ལས་འགུལ་ཚོགས་པ་ཁག་དང་ཆོལ་ཁ་གསུམ་གྱི་སྐུ་ཚབ་སྤྱི་འཐུས་རེ་བཅས་ཀྱིས་བགྲོ་གླེང་གཏམ་བཤད་གནང་རྒྱུར་གྲ་སྒྲིག་ཞུས་ཡོད་ཀྱང་གཞུང་འབྲེལ་མིན་པའི་ཚོགས་པ་འགར་གོ་བརྡ་གསལ་བོ་སྤྲོད་མ་ཐུབ་པ་དང་། ཚོགས་པ་སོ་སོར་ཡང་གྲ་སྒྲིག་མེད་པའི་དབང་གིས་ཐེངས་འདིར་མཉམ་ཞུགས་ཐུབ་མེད་པར། ཕྱོགས་གཅིག་ནས་དགོངས་སེལ་ཞུ་དགོས་པ་ཞིག་དང་ཕྱོགས་གཞན་ཞིག་ནས་བློ་ཕམ་འབྱུང་གཞི་ཞིག་ཆགས་ཡོད་ཚུལ་ངོ་སྤྲོད་གནང་སོང་།

No comments: