Sunday, December 23, 2012

ལུས་སྟོད་དམར་ཧྲང་གི་ལས་འགུལ།


དེ་རིང་སྤྱི་ཟླ་༡༢ཚེས་༢༣ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཛུ་རིག་གི་ཁྲོམ་གཞུང་དུ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་གཙོས་པའི་མི་གྲངས་བཅུ་གྲངས་ཤིག་གིས། ལུས་སྟོད་དམར་ཧྲང་ཐོག་འབར་བཞིན་པའི་བོད་ཀྱི་ཛ་དྲག་གི་གནས་བབ་མཚོན་པའི་རི་མོ་དང་ཡི་གེ་སོགས་བྲིས་ཏེ། བོད་གནས་ངོ་སྤྲོད་ཀྱི་ཡིག་ཆ་འགྲེལ་སྤེལ་གྱི་ལས་འགུལ་སྤེལ་ཡོད། ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནི། ད་ལྟ་སྔ་བོད་མི་ཚོས་སྐད་འབོད་ལས་འགུལ་དང་གོམ་བགྲོད་ལས་འགུལ། 

དེ་བཞིན་ཟས་བཅད་ངོ་རྒོལ་ལས་འགུལ་ཙམ་ཁོ་ལ་དོ་སྣང་སྤྲོད་པ་ལས། བོད་གནས་འགྲེལ་བརྗོད་སྤེལ་སྟངས་ལ་དོ་སྣང་དེ་ཙམ་མེད་པའི་སྣང་ཚུལ་འབྱུང་གི་ཡོད། འོན་ཀྱང་ཕྱི་རྒྱལ་ཀྱི་མི་མང་རྣམས་ཀྱི་སེམས་ཁམས་དང་དོ་སྣང་འདྲེན་ཐུབ་པའི་ལས་འགུལ་མ་འདྲ་བ་དང་། ཁྱད་མཚར་བ། གསར་བ་སོགས་ཀྱི་ལས་འགུལ་མང་པོ་ཞིག་སྤེལ་རྒྱུ་ལྷག་ཡོད་སྟབས། ཐེངས་འདིར་ང་ཚོས་མཐུན་ཚོགས་ཀྱི་ངོས་ནས། ལས་འགུལ་སྟབས་བདེ་བོ་དང་། དོ་སྣང་འདྲེན་ཐུབ་པའི་ལས་འགུལ་གལ་ཆེན་ཞིག་འགོ་སློང་ཆེད་དང་། བོད་ནང་གི་ཛ་དྲག་གིི་གནས་བབ་འདི་ཕྱི་རྒྱལ་མི་མང་གིས་གོ་རྟོགས་ཡོང་ཆེད་ཡིན།དེ་རིང་སུད་སི་ཛུ་རིག་གྲོང་ཁྱེར་གྱི་གནམ་གཤིས་གྲང་ཚད་གླད་ཀོར་མན་གྱི་ཚག་༩་དང་༡༠་བར་ཡིན་ནའང་། དེ་རིང་ནི་སྤྱི་ལོའི་ལོ་སར་ལ་ཉིན་ཤས་ལས་མེད་པའི་སྐབས་ཁེལ་གྱི་ཡོད་སྟབས། ཉིན་འདི་དག་ནང་ཡུལ་ལུང་འདིར་མི་མང་འདུ་འགོད་མང་བའི་གོ་སྐབས་འདི་བཟུང་སྟེ། གྲང་རླུང་ཤིན་ཏུ་ཆེ་བའི་ནང་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་གཙོས་པའི་མི་གྲངས་བཅོ་ལྔ་ལྷག་གིས་ལུས་སྟོད་དམར་ཧྲང་ལ་བུད་ཅིང་། ལུས་སྟེང་དུ་འབར་བཞིན་པའི་བོད་ཀྱི་གནས་བབ་མཚོན་པའི་རི་མོ་དང་བོད་གནས་་འགྲེལ་བརྗོད་ཀྱི་ཡི་གེ་སོགས་བྲིས་ཏེ། ཕྱི་རྒྱལ་མི་མང་རྣམས་ལ་བོད་ཀྱི་དཀའ་སྡུག་གི་གནས་བབ་སྤྱི་ལོ༡༩༤༩ལོ་ནས་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་ལ་གདུག་རྩུབ་མནར་གཅོད་གཏོང་བའི་ལོ་རྒྱུས་དང་། དམིགས་བསལ་ད་ལྟ་བོད་ནང་གཅིག་པུར་བོད་མི་གྲངས་༩༦ཙམ་གྱིས་སྐུ་ལུས་མཆོད་མེར་ཕུལ་དགོས་པའི་རྒྱུ་རྐྱེན་དང་། རྒྱ་གཞུང་གི་ད་སྔ་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་དམར་གསོད་བཏང་བའི་གནས་ཚུལ་། ད་ལྟ་བོད་མི་སྟོང་ཕྲག་མང་པོ་ཉེས་མེད་བཙོན་འཇུག་ཁྲིམས་ཆད་ཕོག་བཞིན་པའི་གནས་ཚུལ་སོགས་དབྱིན་ཡིག་ནང་བསྒྱུར་ཏེ། ཕྱི་རྒྱལ་ཡུལ་མི་སྟོང་ཕྲག་ཁ་ཤས་ལ་བོད་ཀྱི་ད་ལྟའི་ཛ་དྲག་གི་གནས་བབ་ངོ་སྤྲོད་བྱས་སོང་།

No comments: